རྒྱ་གར་རྒྱལ་ས་ལྡི་ལིའི་ནང་བོད་མི་༥༠་ཙམ་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ།
2008.04.16
༄༅༎རྒྱ་ནག་གི་ཨོ་ལིམ་པིཀ་རྩེད་འགྲན་གྱི་དཔལ་འབར་རྒྱ་གར་ནང་བསྐོར་བསྐྱོད་བྱ་རྒྱུའི་སྔ་ནུབ་ཏུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་གི་རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ་ལས་འགུལ་སྤེལ་བའི་སྐབས། བོད་མི་ ༥༠་ ཙམ་རྒྱ་གར་གྱི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པའི་སྐོར་ད་ལྟ་བསྐྱར་དུ་གནས་ཚུལ་གསར་པ་ཐོན་ཡོད་པ་རེད། རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་ ཨོ་ལིམ་པིཀ་ རྩེད་འགྲེན་གྱི་དཔལ་འབར་རྒྱལ་ས་ལྡི་བསྐོར་བསྐྱོད་བྱེད་པའི་སྐབས་བོད་མི་ཚོས་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་འགོག་ཐབས་ཀྱི་ཆེད་དུ་རྒྱ་གར་གཞུང་གིས་ཉེན་རྟོག་པ་སྟོང་ཕྲག་འགའ་ཤས་འགྲེམས་འཇོགས་བྱས་ཟིན་པ་མ་ཟད། དཔལ་འབར་བསྐོར་བསྐྱོད་ཀྱི་འགྲོ་ལམ་ཐོག་མའི་འཆར་གཞི་ནས་གསུམ་ཆ་གཅིག་ལྷག་ཐུང་དུ་བཏང་ཡོད་པ་རེད། དེ་རིང་བོད་མི་གཞོན་སྐྱེས་ ༡༠༠་ཙམ་གྱི་སྟོད་དུ་བོད་སྐྱོབ་དང་བོད་རང་བཙན་ཞེས་པའི་ཡིག་འབྲུ་བྲིས་པའི་སྟོད་ཐུང་དང་མགོ་རས་དཀྲིས་ཏེ་རྒྱ་ནག་གཞུང་ཚབ་ཁང་གི་འགྲོ་ལམ་འཁེལ་ཡུལ་གྱི་རྒྱ་ལམ་ཐོག་ལྕགས་རྩི་དཀར་པོས་ངོ་རྒོལ་གྱི་ཡི་གེ་བྲིས་པའི་གནས་ཚུལ་བྱུང་ཡོད་ཅིང་། ཡིན་ནའང་རྒྱ་གར་ཉེན་རྟོག་པས་འཕྲལ་མ་ཉིད་དུ་ངོ་རྒོལ་ལས་འགུལ་ཁ་ཐོར་གཏོང་ཐབས་བྱས་ཏེ་བོད་མི་རྣམས་ཉེན་རྟོག་པའི་མོ་ཊ་འགུག་སྡོད་བྱེད་བཞིན་པའི་ནང་བླུཊ་ཏེ་འཛིན་བཟུང་བྱས་ཡོད་པ་རེད། རྒྱལ་ས་ལྡི་ལིའི་ས་གནས་ཉེན་རྟོག་དཔོན་རིགས་ ཨནུཔ་ ཀཱ་ལ་ཡི་ ཞུ་བས་གསུངས་པར། ང་ཚོས་བོད་མི་ངོ་རྒོལ་བྱེད་མཁན་ནང་ནས་མང་ཆེ་བ་འཛིན་བཟུང་བྱེད་ཐུབ་པ་བྱུང་ཡོད་པའི་སྐོར་གསུངས་ཡོད་པ་དང༌། རྩ་བའི་ཁ་སྔོན་ཕྱི་ཟླ་གསུམ་པ་ནས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་དྲག་གནོན་བྱས་པ་ནས་་འགོ་བཙུཊ་རྒྱལ་ས་ལྡི་ལིའི་ནང་གི་རྒྱ་ནག་གཞུང་ཚབ་ཁང་གི་མཐའ་འཁོར་གྱི་ཉེན་རྟོག་པ་འགྲེམས་འཇོག་བྱེད་རྒྱུ་སོགས་སྲུང་སྐྱོབ་དམ་དྲག་ཆེ་རུ་བཏང་ཡོད་པ་རེད༎