རྒྱ་ནག་གི་སྐྱོན་བརྗོད་ལ་རྒྱ་གར་གྱིས་ངོས་ལེན་གནང་མི་འདུག
རྒྱ་གར་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཨ་རུ་ན་ཅལ་མངའ་སྡེའི་ནང་ཨ་རིའི་གཞུང་ཚབ་ཕེབས་པ་ནི་གནས་ཚུལ་མ་འདྲ་བ་གང་ཡང་མ་རེད་ཟེར།
-
2016-10-25 -
-
-
རྒྱ་ནག་གིས་ཨ་རིའི་གཞུང་ཚབ་ཆེན་མོ་བ་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་ནང་འཚམས་གཟིགས་ཕེབས་པར་སྐྱོན་བརྗོད་བྱས་པ་དེར་རྒྱ་གར་གཞུང་ནས་ངོས་ལེན་མེད་གནང་མི་འདུག
དེ་ཡང་འདས་པའི་བདུན་ཕྲག་འདིའི་རེས་གཟའ་པ་སངས་ནས་བཟུང་ཉིན་གྲངས་གསུམ་རིང་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་ནང་རྟ་དབང་དུས་སྟོན་གོ་སྒྲིག་ཞུས་ཡོད་པ་དང་། དུས་སྟོན་གྱི་དབུ་འབྱེད་ཁྱིམ་མཚེས་ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་གནང་ཡོད་པ་རེད། ཡང་གོང་ཞུས་དུས་སྟོན་གྱི་མཛད་སྒོའི་ཐོག་རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་གཞོན་པ་ཀི་རན་རི་ཇུ་ཇི་མཆོག་དང་། རྒྱ་གར་ནང་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་པ་སྐུ་ཞབས་རི་ཅདྲ་ཝར་མ་མཆོག་ཀྱང་གདན་ཞུས་ལྟར་ཕེབས་ཡོད་པ་རེད། སྐབས་དེའི་འདྲ་པར་ཁག་ཅིག་སྤྱི་ཚོགས་དྲ་ལམ་བརྒྱུད་བཏོན་གནང་བ་མ་ཟད། སྤྱི་ཁྱབ་བློན་ཆེན་པད་མ་མཁའ་འགྲོ་མཆོག་གི་གཙོས་པས་འབྲེལ་ཡོད་ཚོས་ཁོང་ལ་སྣེ་ལེན་ཟབ་རྒྱས་ཞུས་པར་ཐུགས་རྗེ་ཞུས་གནང་བ་དང་སྦྲགས་རྟ་དབང་གི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་བསྔགས་བརྗོད་གནང་ཡོད་པ་རེད། ཡིན་ནའང་གཟའ་ཟླ་བའི་ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས། གསར་འགོད་ལྷན་ཚོགས་ཐོག་ང་ཚོ་རྒྱ་ནག་དང་རྒྱ་གར་གཉིས་ཀྱི་ས་མཚམས་ཐོག་ཞི་བའི་ཐོག་ནས་གྲོས་མོལ་བྱེད་ཀྱི་ཡོད་པའི་དུས་ཚོད་འདིར་ཐེ་བྱུས་བྱེད་པ་འདི་ནི་ཨ་རིའི་གཞུང་གི་འབྲེལ་ཡོད་ལས་བྱེད་ནས་འགན་མ་འཁྱེར་བའི་བྱ་སྤྱོད་ཞིག་རེད་ལ་དེས་ད་ལྟའི་དཀའ་རྙོག་སེལ་རྒྱུའི་ཚབ་ཏུ་ཞི་བདེ་བརྟན་བརླིང་ལ་དོ་ཕོག་དང་གནས་སྟངས་ཇེ་སྡུག་ཏུ་འགྲོ་གཞི་ཞིག་རེད། དེ་འདྲ་ཡིན་དུས་ང་ཚོས་བྱ་སྤྱོད་དེར་མཐའ་ཅིག་ངོ་རྒོལ་ཡོད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད། འོན་ཀྱང་གནད་དོན་འདིའི་ཐོག་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་VikasSwaroopམཆོག་གིས། ཨ་རིའི་གཞུང་ཚབ་ཆེན་མོ་བ་སྐུ་ཞབས་རི་ཅདྲ་ཝར་མ་མཆོག་རྒྱ་གར་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པའི་ཨ་རུ་ན་ཅལ་མངའ་སྡེའི་ནང་འཚམས་གཟིགས་སུ་ཕེབས་པ་དེ་ནི་གནས་ཚུལ་མི་འདྲ་བ་གང་ཡང་མ་རེད་ཅེས་གསུངས་ཏེ་གང་ལྟར་རྒྱ་ནག་གཞུང་ནས་སྐྱོན་བརྗོད་བྱས་པ་དེར་ངོས་ལེན་གནང་མི་འདུག།
སྤྱིར་བཏང་རྒྱ་ནག་གཞུང་ནས་ཨ་རིའི་གཞུང་ཚབ་ཆེན་མོ་བ་ཕེབས་པའི་སྐབས་སུ་སྐྱོན་བརྗོད་བྱས་པ་ཙམ་མ་ཡིན་པར་རྒྱ་གར་གྱི་སྲིད་བློན་མངའ་སྡེ་དེའི་ནང་ཕེབས་པའི་སྐབས་སུའང་སྐྱོན་བརྗོད་བྱས་ཡོད་པ་རེད།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།