རྒྱ་གར་གྱི་འཇིགས་བྲལ་མེ་ཤུགས་འཕུར་མདེལ་ལེགས་འགྲུབ།
2014.10.17
རྒྱ་གར་རང་ངོས་ཀྱི་རིག་རྩལ་ལས་བཟོ་བསྐྲུན་བྱས་པའི་རྡུལ་ཕྲན་མེ་ཤུགས་འཕུར་མདེལ་ཚོད་ལྟ་ལེགས་འགྲུབ་བྱུང་འདུག
དེ་ཡང་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབས་ཀྱི་ནུས་པ་མཐོ་རུ་གཏོང་བའི་ལས་དོན་ཆ་ཤས་སུ་ ཚེས་༡༧རེས་གཟའ་པ་སངས་ཉིན་ཨོ་རི་ས་མངའ་སྡེའི་Chandipur གྲོང་ཁྱེར་རུ་རྟེན་གཞི་བྱས་པའི་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱ་ཡུལ་ལྟེ་གནས་ནས་Nirbayའམ་འཇིགས་བྲལ་ཞེས་རྡུལ་ཕྲན་མཚོན་ཆ་སྟེགས་ཐུབ་པ་དང་། རྒྱང་ཚད་རིང་པོར་སྙོབ་ཐུབ་པའི་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་ཡོད་པ་རེད། ད་རེས་ཀྱི་མེ་ཤུགས་འཕུར་མདེལ་འདི་བཞིན་རྒྱ་གར་རང་ངོས་ཀྱི་རིག་རྩལ་ལས་བཟོ་བསྐྲུན་བྱས་པའི་རྡུལ་ཕྲན་མེ་ཤུགས་འཕུར་མདེལ་ཐོག་མ་དེ་ཆགས་ཡོད་འདུག་ལ་ད་རེས་ཀྱི་ཚོད་ལྟའི་གྲུབ་འབྲས་ལེགས་གྲུབ་བྱུང་ལུགས་འབྲེལ་ཡོད་གཞུང་འབྲེལ་དཔོན་རིག་ཞིག་ནས་རྒྱ་གར་གྱི་PTI གསར་ལས་ཁང་ལ་གསུངས་འདུག གནས་ཚུལ་ནང་གསལ་ལྟར་ན། Nirbayའམ་འཇིགས་བྲལ་ཞེས་པའི་རྡུལ་ཕྲན་མེ་ཤུགས་འཕུར་མདེལ་དེ་བཞིན་དེ་སྔོན་གྱི་མེ་ཤུགས་འཕུར་མདེལ་དང་ཁྱད་པར་གཅིག་ལ་མེ་ཤུགས་འཕུར་མདེལ་དེའི་གཡས་གཡོན་དུ་ཤོག་པ་དང་རྒྱབ་ཏུ་སྔ་མའི་དབྱིབས་གཟུགས་ཡོད་པར་སོང་ མཁའ་ཐོག་ཏུ་གནམ་གྲུ་ལྟ་བུ་འཕུར་བསྐྱོད་ཐུབ་པ་མ་ཟད། མཐོ་ཚད་དམའ་པོར་འཕུར་བསྐྱོད་ཐུབ་པའི་ནུས་པ་ལྡན་ཞིང་ས་ཐོག་ནས་མེ་ཤུགས་འཕུར་མདེལ་རྩད་ཞིབ་བྱེད་དཀའ་བའི་ཁྱད་ཆོས་ཡོད་པ་གསལ་འདོན་བྱས་འདུག རྒྱང་ཚད་ཀྱི་ཆ་ནས་Nirbayམེ་ཤུགས་འཕུར་མདེལ་དེ་ལེ་དབར་༦༠༠བར་སྙོབ་ཐུབ་ཀྱི་ཡོད་འདུག འདས་པའི་ལོ་ཤས་ནང་རྒྱ་གར་གྱི་རྒྱལ་སྲུང་ཀྱི་ལས་དོན་མདུན་བསྐྱོད་སླད་མཚོ་ཐོག་དང་ས་ཐོག་ནས་མཁའ་དབྱིངས་རྡུལ་ཕྲན་མཚོན་ཆ་སྟེགས་ཐུབ་པའི་མེ་ཤུགས་འཕུར་མདེལ་ཚོད་ལྟ་ལེགས་གྲུབ་ལན་མང་བྱས་པའི་ཁོངས་སུ་ར་ཤི་ཡ་དང་མཉམ་སྦྲེལ་ཐོག་BrahMosརྡུལ་ཕྲན་མེ་ཤུགས་འཕུར་མདེལ་དང་། ༢༠༡༢ལོར་རྒྱང་ཚད་སྤྱི་ལེ་5000བར་སྙོབ་པའི་Agni མེ་ཤུགས་འཕུར་མདེལ་དང་པོ་དང་གཉིས་པ་བཅས་ཚོད་ལྟ་ལེགས་གྲུབ་བྱུང་ཡོད་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།