༄༅༎རྒྱ་གར་བྱང་ཕྱོགས་མངའ་སྡེ་གཞུང་གིས། རྒྱ་གར་ཡུལ་མིའི་ནང་ནས་ཕྲུ་གུ་སྐྱེས་རྒྱུ་མེད་པ་བཟོ་རྒྱུར་རང་འགུལ་གྱིས་དང་བླངས་འདོན་མཁན་ལ་གཟུགས་མཐོང་བརྙན་འཕྲིན་དང༌། ཟ་བཅའ་བཟོ་ཡས་ཀྱི་ཡོ་ཆས། ཀྲ་ཀྲ་བཟོ་གྲའི་མོ་ཊ་སོགས་བྱ་དགའ་སྤྲོད་རྒྱུ་ཡིན་པ་རེད།
དེ་རིང་རེས་གཟའ་པ་སངས་ཉིན་རྒྱ་གར་བྱང་ཕྱོགས་མངའ་སྡེ་རའ་ཇ་སི་ཐན་གྱི་ཇུན་ཇུ་ནུ་ཟེར་བའི་རྫོང་སྨན་ཁང་གི་འགན་འཛིན་གཞོན་པ་པར་ཏབ་སིང་རྡ་ཏར་ཞུ་བས་ཕེ་རན་སི་གསར་འགོད་པར་བརྗོད་དོན། ང་ཚོས་ཕྲུ་གུ་སྐྱེས་འཕེལ་འགོག་ཐབས་ཀྱི་ལས་དོན་ཡར་རྒྱས་གཏོང་རྒྱུ་ཡིན་ཞེས་དང༌། གལ་ཏེ་མི་གང་ཞིག་གིས་དེ་རིང་ནས་བཟུང་ཕྱི་ཟླ་དགུ་པའི་ཚེས་༣༠ བར་ལ་ཕྲུ་གུ་སྐྱེས་རྒྱུ་མེད་པ་བཟོ་རྒྱུར་དང་བླངས་འདོན་མཁན་ཚོར་རྒྱན་ཤོག་དབྱུགས་ཏེ་བྱ་དགའ་ཐོབ་རྒྱུ་ཡོད་ཅིང༌། བྱ་དགའ་ཨང་དང་པོ་རྒྱ་གར་ནང་མོ་ཊའི་བཟོ་གྲ་སྐད་གྲགས་ཅན་ཀྲ་ཀྲ་བཟོ་གྲ་ནས་ཐོན་པའི་ཀྲ་ཀྲ་ནེ་ནོ་མོ་ཊ་དང༌། མོ་ཊ་དེ་ནི་འཛམ་གླིང་ནང་ནས་རིན་གོང་དམའ་ཤོས་ཡིན་ཞིང༌། ཕལ་ཆེར་ཨ་རིའི་ཊོ་ལར་གསུམ་སྟོང་ཙམ་ལ་ཉོ་ཐུབ་ཀྱི་ཡོད་པའི་སྐོར་དང༌། ད་དུང་ཡང་བྱ་དགའ་རིམ་པའི་ནང་མོ་ཊ་བག་བག་དང༌། ཨིན་ཆི་༡༢བྱས་པའི་གཟུགས་མཐོང་བརྙན་འཕྲིན་སོགས་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།
རྒྱ་གར་གྱི་བྱང་ཕྱོགས་ར་ཇ་སི་ཐན་མངའ་སྡེས་སྐྱེས་འགོག་གི་བྱ་ཐབས་དེ་ལྟ་བུ་ལག་བསྟར་བྱེད་དགོས་དོན་ནི། འབྲེལ་ཡོད་མངའ་སྡེའི་གཞུང་གིས་ལོ་རེར་མི་གྲངས་ཉིས་ཁྲི་ཆིག་སྟོང་ལ་ཕྲུ་གུ་སྐྱེས་སྒོ་འགོག་རྒྱུའི་ལས་དོན་གྱི་དམིགས་ཡུལ་ཐོག་བསྐྱོད་ཐུབ་ཀྱི་མེད་པར་ངོས་འཛིན་གནང་སྟེ་བྱ་ཐབས་དེ་འདྲ་ཞིག་ལག་བསྟར་བྱ་རྒྱུའི་བསམ་བློ་བྱུང་བ་ཡིན་ཞིང༌། ཕྱི་ཟླ་དགུ་པ་བར་གྱི་དུས་བཀག་དེའི་རིང་གི་ལས་འགུལ་ནང་དུ་ཕྲུ་གུ་སྐྱེས་སྒོ་འགོག་པར་དང་བླངས་འདོན་མཁན་ཉུང་མཐར་མི་དམངས་དྲུག་སྟོང་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པའི་སྐོར་གསུང་ཡོད་པ་རེད། ཉེ་ཆར་ཕྱི་ཟླ་གསུམ་པའི་ནང་མི་འབོར་བསྡོམས་རྩིས་ཀྱི་གྲངས་ཐོ་ཞིག་བཏོན་པའི་ནང༌། རྒྱ་གར་གྱི་མི་འབོར་ནི་རྒྱ་ནག་ལས་མང་དུ་འགྲོ་བ་མ་ཟད། མ་འོངས་༢༠༣༠ ནང་རྒྱ་གར་ནི་འཛམ་གླིང་ནང་ནས་མི་འབོར་མང་ཤོས་སུ་འགྱུར་རྒྱུའི་ཉེན་ཁ་གཟིགས་ཡོད་པ་རེད།