རྒྱ་གར་གྱི་དམག་དོན་སྐུ་ཚབ་རྒྱ་ནག་ཏུ་ཕེབས་པ།
2011.06.19
༄༅༎རྒྱ་གར་གྱི་དམག་དོན་སྐུ་ཚབ་ཚོགས་པ་ཞིག་དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་ཏུ་འཚམས་འདྲིར་འབྱོར་ཡོད་པ་དང༌། རྒྱ་གར་དཔོན་རིགས་ནས། འཚམས་འདྲི་དེ་ནི་རྒྱ་གར་དང་རྒྱ་ནག་ཡུལ་གྲུ་གཉིས་དབར་ལ་སྲུང་སྐྱོབ་ཀྱི་འབྲེལ་ལམ་བསྐྱར་གསོ་གནང་རྒྱུའི་ཆེད་དུ་ཡིན་པ་གསུངས་ཡོད་པ་རེད།
དེ་ཡང་རྒྱ་གར་གྱི་སྤྱི་ཁྱབ་དམག་སྤྱི་ཆེན་མོ་གུར་མིཏ་སིང་ཡིས་སྣེ་ཁྲིད་པའི་འཐུས་མི་བརྒྱད་ལས་གྲུབ་པའི་སྐུ་ཚབ་ཚོགས་པ་རྣམས་ཀྱིས། རྒྱ་ནག་ཏུ་ཉིན་དྲུག་རིང་འཚམས་འདྲི་གནང་རྒྱུ་དང༌། དེའི་རིང་ལ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང༌། རྒྱ་ནག་ནུབ་བྱང་ཤིང་ཅང་ས་ཁུལ་ནང་དུ་འཚམས་འདྲི་གནང་རྒྱུ་ཡིན་པའི་སྐོར། རྒྱ་གར་གྱི་མཐོ་རིམ་སྲུང་སྐྱོབ་དཔོན་རིགས་ཤིག་གིས་ཕེ་རན་སི་གསར་འགྱུར་ལས་ཁང་ལ་གསུངས་ཡོད་པ་རེད།
རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་རྒྱ་གར་གཞུང་ཚབ་ཁང་གི་མགྲིན་ཚབ་པས་ཀྱང༌། རྒྱ་གར་གྱི་དམག་དོན་སྐུ་ཚབ་རེས་གཟའ་ཉི་མའི་ཉིན། རྒྱ་ནག་དུ་ཕེབས་འབྱོར་བྱུང་ཡོད་པའི་གནས་ཚུལ་གསུངས་ཡོད་ཀྱང༌། སྐུ་ཚབ་ཚོགས་པའི་ངོས་ནས་རྒྱ་ནག་གི་དཔོན་རིགས་སུ་དང་མཇལ་འཕྲད་གནང་གི་ཡོད་མེད་དང༌། འཚམས་དྲིའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་གསུངས་མེད་པ་རེད།།
རྒྱ་གར་དང་རྒྱ་ནག་དབར་གྱི་དམག་དོན་གྱི་འབྲེལ་ལམ་དེ་ཆད་ནས་ལོ་གཅིག་འགྲོ་ཡོད་པ་དང༌། དེའི་རྒྱུ་མཚན་ནི། རྒྱ་གར་གྱི་མངའ་འོག་ཏུ་ཡོད་པའི་ཀཤི་མིར་ས་ཁུལ་དེའི་བདག་དབང་གི་ཐད་ལ་པ་ཀིསི་ཐན་དབར་རྩོད་ལེན་གྱི་རྩོད་རྙོག་ཡོད་པ་བཞིན། རྒྱ་ནག་གཞུང་གིས་རྩོད་གཞི་ཡོད་པའི་ཀཤི་མིར་ས་གནས་དེའི་དམག་དཔོན་ཞིག་རྒྱ་ནག་ཏུ་འཚམས་འདྲིར་བསྐྱོད་རྒྱུར་ལུགས་མཐུན་གྱི་ཐོངས་མཆན་མ་སྤྲད་པ་ནི། ཀཤི་མིར་ས་གནས་དེའི་ནང་གི་རྒྱ་གར་ཡུལ་མི་རྒྱ་ནག་ཏུ་འཚམས་འདྲི་བསྐྱོད་རྒྱུར་ཐོངས་ཆན་ཞུ་བའི་སྐབས། རྒྱ་ནག་ཕྱོགས་ནས་ཁོང་ཚོའི་རྒྱ་གར་གྱི་མི་སེར་སྤ་སེའི་ནང་ཐོངས་ཆན་གྱི་དམ་འཕྲུགས་མ་རྒྱབ་པར་སྤ་སེའི་ཟུར་དུ་ལོག་ཏུ་ཤོག་འཛར་ཞིག་སྦྱར་ཏེ་ཐོངས་ཆན་སྤྲོད་ཀྱི་ཡོད་པར་བརྟེན། རྒྱ་ནག་གི་བྱ་སྤྱོད་ལ་རྒྱ་གར་ཁོང་ཁྲོ་ཆེན་པོ་བྱུང་སྟེ། ན་ནིང་ཕྱི་ཟླ་བདུན་པ་ནས་རྒྱ་གར་ཕྱོགས་ནས་རྒྱ་ནག་དང་དམག་དོན་གྱི་འབྲེལ་ལམ་མཚམས་འཇོག་བྱས་པ་ཞིག་ཡིན་པ་རེད།།