རྒྱ་ནག་གིས་རྒྱ་གར་རྒྱ་མཚོ་མངའ་ཁུལ་དུ་བདག་དབང་རྒྱ་སྐྱེད་ཀྱི་ཉེན་ཁ་བཟོ་བཞིན་པའི་སྐབས་རྒྱ་གར་གྱིས་རྒྱ་གར་རྒྱ་མཚོའི་ཚོགས་འདུ་བསྐོང་ཚོགས་ཀྱིས་མངའ་ཁུལ་བདེ་འཇགས་སྐོར་གྲོས་བསྡུར་གནང་འདུག
ཨོ་མན་གྱི་རྒྱལ་ས་མུ་སེ་ཁཊ་ཏུ་འཚོགས་པའི་རྒྱ་གར་རྒྱ་མཚོའི་ཚོགས་འདུ་ཐེངས་བརྒྱད་པའི་ཐོག་རྒྱ་མཚོའི་མཉམ་ལས་ཀྱི་མངོན་འདོད་གསར་པའི་ཕྱོགས་སུ་བསྐྱོད་པ་ཞེས་པའི་བརྗོད་སྙིང་འོག རྒྱ་གར་རྒྱ་མཚོའི་མངའ་ཁུལ་རྒྱལ་ཁབ་ཕན་ཚུན་མཉམ་ལས་གོང་སྤེལ་དང་། མངའ་ཁུལ་བརྟན་ལྷིང་། དཔལ་འབྱོར་ཡར་རྒྱས་སོགས་ཀྱི་གནད་དོན་སྐོར་གྲོས་བསྡུར་གནང་འདུག
དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡༦ ནས་ ༡༧ བར་ཉིན་གྲངས་གཉིས་རིང་ཨོ་མན་ (Oman) དུ་ཚོགས་པའི་རྒྱ་གར་རྒྱ་མཚོའི་ཚོགས་འདུ་ཐེངས་ ༨ པའི་ནང་རྒྱ་གར་རྒྱ་མཚོ་མངའ་ཁུལ་གྱི་རྒྱལ་ཁབ་ཁག་ཉི་ཤུ་མཉམ་ཞུགས་ཀྱིས་མཚོ་ལམ་ཚོང་འབྲེལ་གྱི་ཁེ་ཕན་སྲུང་སྐྱོབ་དང་། མཚོ་ལམ་ཚོང་འབྲེལ་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས་སོགས་རྒྱལ་ཁབ་ཕན་ཚུན་མཉམ་ལས་དང་། མངའ་ཁུལ་བརྟན་སྲུང་། ཚོང་འབྲེལ་ཡར་རྒྱས་གཏོང་ཕྱོགས་སྐོར་གྲོས་བསྡུར་གནང་འདུག
ཚོགས་འདུའི་དབུ་འབྱེད་མཛད་སྒོའི་ཐོག་རྒྱ་གར་ཕྱི་སྲིད་བློན་ཆེན་ཇེ་ཤང་ཀར་ལགས་ཕེབས་ཞུགས་ཀྱིས་གསུང་བཤད་གནང་བའི་ནང་། ད་ལྟའི་འཛམ་གླིང་ཐོག་ཆབ་སྲིད་དང་དཔལ་འབྱོར་སོགས་འགྱུར་བ་ཆེན་པོ་འགྲོ་བཞིན་པའི་དུས་ཚོད་འདིར་གྲོས་མོལ་དང་ཕན་ཚུན་བསམ་ཚུལ་བརྗེ་རེས་བྱེད་དགོས་པ་དང་། ཉིན་གཉིས་རིང་གི་རིང་གྲོས་བསྡུར་ཁྲོད་ནས་རིན་ཐང་ལྡན་པའི་གནད་དོན་མང་པོ་རྙེད་ཐུབ་པའི་ཡིད་ཆེས་ཡོད་པ་གསུངས་འདུག དེ་བཞིན་ཁོང་གིས་རྒྱ་གར་རྒྱ་མཚོ་ནི་འཛམ་གླིང་གི་སྲོག་རྩ་ཡིན་པ་དང་། དེང་གི་འཛམ་བུ་གླིང་གི་ཚོང་འབྲེལ་གྱི་འགྲོ་སྟངས་ཐོག་དེ་ཉིད་གལ་ཆེན་པོ་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་འདུག
ཐེངས་འདིའི་ཚོགས་འདུའི་གལ་གནད་དང་འབྲེལ་ཏེ། ཐེ་ཝན་གྱི་ཨེ་ཤེ་ཡ་བརྗེ་རེས་ཐེབས་རྩ་ཁང་གི་ཉམས་ཞིབ་པ་ས་ན་ཧ་ཤ་མི་ (Sana Hashmi) ལགས་ཀྱིས། རྒྱ་གར་གྱིས་མངའ་ཁུལ་འདིར་འབྲེལ་བ་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ལ། རྒྱ་གར་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་དང་གྲོས་མོལ་བྱེད་འདོད་ཡོད་པ་མཚོན་པའི་ཚོགས་འདུ་འདི་དུས་ཡུན་རིང་པོ་ནས་འཚོགས་བཞིན་ཡོད། རྒྱ་གར་རྒྱ་མཚོ་ཁུལ་དུ་རྒྱ་ནག་གིས་ཉེན་ཁ་བཟོ་འགོ་བཙུགས་པ་ནས་བཟུང་། མངའ་ཁུལ་དེར་རང་གི་ཁེ་ཕན་སྲུང་སྐྱོབ་བྱེད་རྒྱུ་དེ་རྒྱ་གར་གྱི་འགན་ཁྲི་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། མ་ཟད་བརྒྱུད་གཅིག་ལམ་གཅིག་གི་ལས་གཞི་དང་འབྲེལ་ཏེ་འཛམ་གླིང་ནང་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། ལྷག་པར་རྒྱལ་སྤྱིའི་ནང་རྒྱ་དམག་གི་ས་ཚིགས་ཇེ་མང་དུ་འགྲོ་བཞིན་པའི་སྐབས་རྒྱ་གར་ལ་དཀའ་ངལ་ཆེ་རུ་གཏོང་བཞིན་ཡོད། གནད་དོན་འདི་ནི་རྒྱ་གར་གཅིག་པུའི་སེམས་ཁྲལ་ཞིག་མིན་པར། སྟོབས་ཆེན་རྒྱལ་ཁབ་གཞན་དག་ལའང་སེམས་ཁྲལ་གྱི་རྒྱུ་ཞིག་ཏུ་གྱུར་ཡོད། རྒྱ་གར་གྱིས་ལོ་མང་རིང་ཉེན་ཁ་འདི་དག་གི་སྐོར་གསལ་སྟོན་བྱས་ཡོད་ལ། ཚོགས་འདུ་འདིའི་ཐོག་ལ་ཡང་འབད་བརྩོན་གནང་ཡོད། རྒྱལ་ཁབ་གཞན་ཚོས་གནད་དོན་འདི་ངོས་འཛིན་བྱེད་འགོ་བཙུགས་ཡོད་ནའང་། ད་བར་གནད་དོན་འདི་འབྲེལ་ལག་ལྟར་བྱས་པ་ཉུང་ཤས་ཡིན་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང།
གཞན་ཡང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་མཆོག་གསུངས་དོན་ལ། རྒྱ་གར་རྒྱ་མཚོའི་ཁུལ་དུ་གདོང་ཐུག་ཤུགས་ཆེ་དང་རྩོད་རྙོག་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་པ་དེ་ནི། རྒྱལ་སྤྱིའི་ཁྲིམས་ལུགས་ལ་བརྩི་སྲུང་བྱེད་མིན་ཐད་འབྲེལ་བ་ཡོད་ཅིང་། ཕྱིའི་རྒྱལ་ཁབ་ཁག་སུ་ཞིག་ནས་རྒྱ་གར་རྒྱ་མཚོའི་ཁུལ་ལ་བདག་འཛིན་བྱ་རྒྱུའི་བློ་འདོད་ཡོད་རིགས་ནས་རྒྱ་གར་གྱི་ཉམས་མྱོང་གཞིར་བཟུང་། གྲོས་མོལ་ནི་བརྟན་ལྷིང་ཡོང་བར་ཐབས་ལམ་བཟང་ཤོས་ཡིན་པར་ངོས་འཛིན་དགོས་པའི་ནན་བརྗོད་གནང་ཡོད་པ་དང་སྦྲགས། རྒྱ་གར་རྒྱ་མཚོའི་རྒྱལ་ཁབ་ཁག་ཏུའང་དཔལ་འབྱོར་གྱི་འགོག་རྐྱེན་འཕྲད་བཞིན་པ་ཁག་ཅིག་ནི། རྒྱལ་སྤྱིའི་དཔལ་འབྱོར་གྱི་གནོན་ཤུགས་ལས་བྱུང་བ་དང་། ཁག་ཅིག་ནི་ཚད་ལས་བརྒལ་བའི་བུ་ལོན་བླངས་པ་དང་མཇུག་སྐྱོང་མི་ཐུབ་པའི་ལས་གཞི་ཁག་གཅིག་ཁས་ལེན་བྱས་པ་སོགས་ལས་བྱུང་བ་ཡིན་པ་གསུངས་འདུག

རྒྱ་གར་ཐེབས་རྩ་ཁང་ (India Foundation)དང་ཨོ་མན་ཕྱི་སྲིད་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་རྒྱ་གར་རྒྱ་མཚོའི་ཚོགས་འདུའི་ཐོག་ཐའི་ལེནྚ་དང་། འབྲུག བྷང་ལ་དེ་ཤ་སོགས་རྒྱལ་ཁབ་ ༢༠ ནས་མཉམ་ཞུགས་གནང་འདུག་ལ། ཚོགས་འདུའི་ཞོར་དུ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེ་མཆོག་ནས་འབྲུག་དང་བལ་ཡུལ། ཤྲི་ལངྐ་སོགས་རྒྱལ་ཁབ་བདུན་གྱི་མགོ་ཁྲིད་དང་མཇལ་འཕྲད་གནང་འདུག་པ་མ་ཟད། ཁྱད་པར་དུ་རྒྱ་གར་དང་བྷང་ལ་དེཤ་བར་གྱི་འབྲེལ་ལམ་ཞན་དུ་ཕྱིན་པའི་སྐབས་འདིར་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་མཆོག་ནས་བྷང་ལ་དེ་ཤའི་ཕྱི་སྲིད་སློབ་སྟོན་པ་ཏོ་ཧིཊ་ཧུ་སེན་(Md Touhid Hossain)དང་ཐུག་འཕྲད་གནང་འདུག་ལ། ཐུག་འཕྲད་དེ་ནི་སྔ་ལོའི་ཟླ་ ༡༢ པར་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ Vikram Misri ལགས་ཀྱིས་བྷང་ལ་དེ་ཤིར་གཟིགས་སྐོར་གནང་བ་ནས་བཟུང་ཕྱོགས་གཉིས་བར་མཐོ་རིམ་དཔོན་རིགས་བར་གྱི་འབྲེལ་བ་ཐོག་མ་དེ་ཆགས་ཡོད།
གཞི་རྩའི་རྒྱ་གར་རྒྱ་གར་རྒྱ་མཚོའི་ཚོགས་འདུ་ནི་ཕྱི་ལོ་ ༢༠༡༦ ལོར་རྒྱལ་ཁབ་ ༣༠ གི་མཉམ་ཞུགས་འོག་སིང་ག་པུར་དུ་རྒྱ་གར་གྱི་ཐེབས་རྩ་ཚོགས་པས་འགོ་བཙུགས་ཤིང་། འདས་པའི་ལོ་བརྒྱད་ནང་ཚོགས་འདུ་འདི་ནི་ས་ཁུལ་འདིའི་རྒྱལ་ཁབ་ཁག་གི་ས་གནས་ཀྱི་གནད་དོན་ཐོག་གྲོས་བསྡུར་བྱེད་སའི་སྡིངས་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། ཚོགས་འདུ་འདི་བརྒྱུད་ས་ཁུལ་འདིའི་རྒྱལ་ཁབ་ཁག་དང་། མངའ་ཁུལ་གྱི་མཚོ་ལམ་ཚོང་འབྲེལ་ཐོག་རྒྱལ་ཁབ་རྣམས་སྡིངས་ཆ་གཅིག་གི་སྟེང་དུ་འཛོམས་ཏེ་མངའ་ཁུལ་ཡོངས་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཆེད་(SAGAR)ས་ཁུལ་མཉམ་ལས་ཀྱི་མདུན་ལམ་སྐོར་གྲོས་བསྡུར་བྱེད་ཀྱི་འདུག །
གསར་འགོད་པ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།