ང་ཚོ་རྒྱ་གར་ནས་ཡིན་པ་ཤེས་སྐབས་བོད་ནང་གི་བོད་མིས་བློ་ཐག་ཉེ་པོ་གནང་འདུག་ཅེས། རྒྱ་གར་བློ་འདོན་ལྟེ་གནས་ཁང་གི་སྐུ་ཚབ་ཚོགས་ཆུང་མི་སྣས་འགྲེལ་བརྗོད་གནང་བྱུང་།

2024.12.24
ང་ཚོ་རྒྱ་གར་ནས་ཡིན་པ་ཤེས་སྐབས་བོད་ནང་གི་བོད་མིས་བློ་ཐག་ཉེ་པོ་གནང་འདུག་ཅེས། རྒྱ་གར་བློ་འདོན་ལྟེ་གནས་ཁང་གི་སྐུ་ཚབ་ཚོགས་ཆུང་མི་སྣས་འགྲེལ་བརྗོད་གནང་བྱུང་། ཕྱི་ལོ་༢༠༡༨ལོར་རྒྱ་གར་བློ་འདོན་ལྟེ་གནས་ཁང་གི་སྐུ་ཚབ་ཚོགས་ཆུང་རྒྱ་ནག་ཏུ་ཕེབས་སྐབས། ༢༠༡༨།༣།༢༡ ཉིན།
India Foundation website

འདི་ལོའི་ཟླ་ ༡༡ ཟླ་མཇུག་ཙམ་ནང་རྒྱ་ནག་གཞུང་གིས་ཆེད་འཛུགས་བྱས་པའི་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་གོ་སྒྲིག་ལྟར། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་བློ་འདོན་ལྟེ་གནས་ཁང་ (India Foundation) གི་སྐུ་ཚབ་ཚོགས་ཆུང་ཞིག་གིས། བོད་ཀྱི་རྒྱལ་ས་ལྷ་ས་དང་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་དུ་ཡོད་པའི་ཧྥི་ཏན་གཙུག་ལག་སློབ་ཆེན་དུ་སྐོར་སྐྱོད་བྱས་ཡོད་པ་དང་། སྐུ་ཚབ་ཚོགས་ཆུང་དེའི་ནང་ཆེད་ཕེབས་གནང་མཁན། རྒྱ་གར་བློ་འདོན་ལྟེ་གནས་ཁང་གི་ལྷོ་ཨེ་ཤེ་ཡའི་ཐབས་བྱུས་ཉམས་ཞིབ་ལས་དོན་ཁང་གི་(SAISA)འགན་འཛིན་དང་། ཐེངས་འདིར་སྐུ་ཚབ་ཚོགས་ཆུང་དང་ལྷན་བོད་ནང་ཆེད་ཕེབས་གནང་མཁན། ཨ་ལོག་བྷན་སལ་(Alok Bansal)ལགས་ནས། རྒྱ་གར་བློ་འདོན་ལྟེ་གནས་ཁང་གི་སྐུ་ཚབ་ཚོགས་ཆུང་ནས་རྒྱུན་དུ་རྒྱ་ནག་ཏུ་འགྲོ་སྐྱོད་བྱེད་ཀྱི་ཡོད་ན་ཡང་། འདི་ལོར་སྐུ་ཚབ་ཚོགས་ཆུང་བོད་ཀྱི་རྒྱལ་ས་ལྷ་སར་འགྲོ་ཐུབ་པ་དེ་ཐེངས་དང་པོ་ཆགས་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་དཔལ་འབྱོར་ཐད་ནས་ཡར་རྒྱས་ཤུགས་ཆེར་བཏང་ཡོད་ན་ཡང་། བོད་ཀྱི་སྐད་ཡིག་ལ་དེ་ཙམ་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་མེད་པ་ནི་སྒོ་བྱང་སོགས་སུ་རྒྱ་ཡིག་དང་པོ་དང་བོད་ཡིག་གཉིས་པར་བཞག་ཡོད་པ་མཐོང་བས། ཧང་སང་དགོས་པའི་རྣམ་པ་ཞིག་བྱུང་ཡོད་སྐོར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིར་རྒྱ་གར་གྱི་སྐུ་ཚབ་ཚོགས་ཆུང་བོད་དང་རྒྱ་ནག་ནང་ཕེབས་པ་དང་འབྲེལ། རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་ཅིག་ཏུ། སྐུ་ཚབ་ཚོགས་ཆུང་དེས་རྒྱ་གར་ནག་གཉིས་ཀྱི་མི་མང་རང་བཞིན་གྱི་འབྲེལ་ལམ་དང་། རིག་གཞུང་བརྗེ་རེས་ཀྱི་གྲོས་མོལ་བྱས་ཡོད་སྐོར་བཀོད་འདུག་ལ། ཡང་རྒྱ་ནག་གོ་ལའི་དུས་བབ་སྟེང་དེ་འབྲེལ་གྱི་ཆེད་རྩོམ་ཞིག་སྤེལ་བའི་ནང་། བོད་ཀྱི་རྒྱལ་ས་ལྷ་སར་ཡོང་བའི་རྒྱ་གར་གྱི་སྐུ་ཚབ་ཚོགས་ཆུང་དེ་གྲངས་ཀ་ཉུང་ཉུང་དང་། དུས་ཡུན་ཆ་ནས་ཐུང་ཐུང་ཞིག་ལས་བྱུང་མེད་ན་ཡང་། གནད་དོན་དེས་རྒྱ་དཀར་ནག་གི་འབྲེལ་ལམ་ཐད་གོམ་སྟབས་ཡག་པོ་བྱུང་ཡོད་སྐོར་བཀོད་འདུག་ལ། ཨ་ལོག་བྷན་སལ་ལགས་ནས་མུ་མཐུད། ཐེངས་འདིར་སྐུ་ཚབ་ཚོགས་ཆུང་ཉིན་གྲངས་ ༣ རིང་རྒྱ་ནག་གི་ཁྲིན་ཏུའུ་གྲོང་ཁྱེར་དང་། ཧྲང་ཧེ། བོད་ཀྱི་རྒྱལ་ས་ལྷ་ས་བཅས་སུ་ཕེབས་ཡོད་པ་དང་། བོད་ཀྱི་རྒྱལ་ས་ལྷ་སར་ཆུ་ཚོད་ ༢༤ གནས་སྡོད་གནང་ཡུན་རིང་སྐུ་ཚབ་ཚོགས་ཆུང་ངོས་ནས་དམིགས་བསལ་བོད་དོན་དང་འབྲེལ་བའི་གླེང་སློང་བྱས་མེད་ན་ཡང་། ལྷ་ས་གྲོང་ཁྱེར་དུ་ས་གནས་བོད་མི་ཁག་ཅིག་དང་ཟ་དང་ཟུར་ནས་གླེང་མོལ་བྱེད་སྐབས། ང་ཚོ་རྒྱ་གར་ནས་ཡིན་པ་དང་བཞུགས་སྒར་དྷ་རམ་ས་ལར་ཕྱིན་པའི་སྐོར་བཤད་སྐབས། ༧གོང་ས་མཆོག་རྒྱ་གར་དུ་བཞུགས་ཡོད་པས་བོད་མི་དེ་དག་གིས་ང་ཚོ་དང་བློ་ཐག་ཉེ་པོ་གནང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

རྒྱ་གར་བློ་འདོན་ལྟེ་གནས་ཁང་གི་སྐུ་ཚབ་ཆུང་དེ་རྒྱ་ནག་ཏུ་ཆེད་བསྐྱོད་རྗེས། ལྟེ་གནས་ཁང་གི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་གཟིགས་སྐོར་གནང་ཡོད་པ་མ་ཟད། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་སྐུ་ཚབ་ཚོགས་ཆུང་དེར། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་། སྐད་ཡིག་བཀོལ་སྤྱོད་སོགས་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པས། རྒྱ་གར་བློ་འདོན་ལྟེ་གནས་ཁང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སོགས་དངོས་ཡོད་གནས་ཚུལ་ཐོག་ཞིབ་འཇུག་གནང་རྒྱུའི་རེ་སྐུལ་གསུང་བཤད་གནང་ཡོད་འདུག་ལ། ཡང་ཨ་ལོག་བྷན་སལ་ལགས་ནས་ལྷ་སར་ཆེད་ཕེབས་གནང་སྐབས། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་ཕྱིན་ཏེ་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་རྒྱ་སྒྱུར་གྱི་ལས་གཞི་སྤེལ་བཞིན་པའི་སྐོར་སྐད་ཆ་དྲིས་པར། རྒྱ་ནག་གི་འབྲེལ་ཡོད་ཚོར་དམིགས་བསལ་ལན་ཁ་གསལ་ཞིག་མེད་སྐོར་འགྲེལ་བརྗོད་གནང་གི་འདུག

སྤྱིར་དེང་སྐབས་རྒྱ་དཀར་ནག་གཉིས་བར་ས་མཚམས་རྩོད་རྙོག་ཞི་འགྲིག་ཡོང་ཐབས་དང་། ཚོང་ལས་སོགས་སྤྱི་ཡོངས་ནས་འབྲེལ་ལམ་ཡག་ཏུ་གཏོང་ཐབས་ཀྱི་ཚོགས་འདུ་རིགས་ཐེངས་མང་པོ་འཚོགས་ཡོད་ཅིང་། ཟླ་ ༡༢ ཚེས་ ༡༨ ཉིན་རྒྱ་ནག་ཏུ་རྒྱ་གར་དང་རྒྱ་ནག་གི་ཕྱི་འབྲེལ་འགོ་ཁྲིད་ཐུག་འཕྲད་ཀྱིས། ས་མཚམས་རྩོད་རྙོག་དང་ཚོང་ལས་རིག་གཞུང་བརྗེ་རེས་གཙོས་གནད་དོན་དྲུག་གི་སྐོར་ལ་གྲོས་འཆམ་བྱུང་ཡོད་སྐོར་ཕྱོགས་གཉིས་ནས་ཕྱིར་བསྒྲགས་བྱས་ཡོད་པ་དང་། མཇུག་ཏུ་ཨ་ལོག་བྷན་སལ་ལགས་ནས་རྒྱ་དཀར་ནག་གི་འབྲེལ་ལམ་ཁྲོད་ས་མཚམས་རྩོད་རྙོག་དེ་གནད་དོན་ཆེ་ཤོས་ཆགས་ཡོད་པས། དེ་ཞི་འགྲིག་ཡོང་བར་བོད་ཀྱི་གནད་དོན་དེ་གལ་ཆེན་པོ་ཆགས་ཡོད་པས། ངའི་བསམ་ཚུལ་ལྟར་ན་༧གོང་ས་མཆོག་གི་དགོངས་གཞི་བཞིན་བོད་ཀྱི་གནད་དོན་དེ། ཧོང་ཀོང་བཞིན་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལྟ་བུའི་རང་སྐྱོང་བྱུང་ན་འགྲིག་གི་འདུག་བསམས་ཀྱི་ཡོད་པ་སོགས་ཀྱང་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། བསྟན་འཛིན་ནོར་འཛོམས།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎