༄༅༎རྒྱ་གར་གཞུང་གིས་ཤྲི་ལང་ཀའི་ནང་གཞུང་གི་འབྲེལ་ལམ་ཟབ་དུ་གཏོང་རྒྱུར་དམིགས་ནས་གཞུང་ཚབ་ཀྱི་ཡན་ལག་ལས་ཁུངས་གཉིས་གསར་འཛུགས་གནང་ཡོད་འདུག
རེས་གཟའ་སྤེན་པའི་ཉིན་ཤྲི་ལང་ཀའི་ནང་འཚམས་འདྲིའི་གཟིགས་སྐོར་དུ་ཕེབས་པའི་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཨེ་སེ་ཨེམ་ཀིརྴི་ཎ་མཆོག་གིས་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཇཕ་ཎར་རྒྱ་གར་གྱི་གཞུང་ཚབ་ཀྱི་ཡན་ལག་ལས་ཁུངས་ཤིག་དབུ་འབྱེད་གནང་ཡོད་པ་མ་ཟད་རེས་གཟའ་ཉི་མའི་ཉིན་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཧམ་བྭན་ཏོ་ཏ་ཞེས་པར་རྒྱ་གར་གྱི་གཞུང་ཚབ་ཀྱི་ཡན་ལག་ལས་ཁུངས་གཉིས་པ་དེ་དབུ་འབྱེད་གནང་ཡོད་འདུག ད་བར་རྒྱལ་ས་ཀོ་ལོམ་སྦོ་ནང་རྒྱ་གར་གྱི་གཞུང་ཚབ་ལས་ཁུངས་དང་ཡུལ་དབུས་ཀྱི་གྲོང་ཁྱེར་ཀནྜི་ནང་ཡན་ལས་ལས་ཁུངས་གཅིག་ལས་མེད་པ་རེད། ད་ཆ་གཞུང་ཚབ་ཀྱི་ལས་ཁུངས་རྒྱ་བསྐྱེད་ཀྱིས་ཡུལ་གཉིས་དབར་གཞུང་འབྲེལ་བཟང་དུ་གཏོང་རྒྱུ་ཁོ་ན་མ་ཡིན་པར་སླད་ཕྱིན་ཚོང་འབྲེལ་ཡང་རྒྱ་བསྐྱེད་གཏོང་རྒྱུ་གལ་ཆེར་ངོས་འཛིན་གྱི་ཡོད་འདུག རྒྱ་གར་གྱི་ཕྱི་སྲིད་བློན་གྱིས་ལྷོ་ཕྱོགས་ཧམ་བྭན་ཏོ་ཏོ་གྲོང་ཁྱེར་ནང་གཞུང་ཚབ་ཀྱི་ཡན་ལག་དབུ་འབྱེད་ཀྱི་མཛད་སྒོའི་གསུང་བཤད་ནང་ ཤྲི་ལང་ཀའི་ནང་ཕྱི་རྒྱལ་ནས་ཚོང་དོན་གྱི་མ་རྩ་འཛུགས་མཁན་གང་མང་དགོས་གལ་ཆེན་པོ་ཡོད་པས་ རྒྱ་གར་གྱི་སྒེར་གྱི་ཚོང་པ་ཚོས་ཡུལ་དེའི་ནང་ཚོིང་འབྲེལ་གྱི་གོ་སྐབས་བཟུང་དགོས་ལུགས་འབོད་སྐུལ་ཞུས་གནང་འདུག།