རྒྱ་གར་ནང་གི་ལྐོག་ཟ་རུལ་སུངས་གནད་དོན་ཐོག་བགྲོ་གླེང་།

རྒྱ་གར་གྱི་གྲོས་ཚོགས་ནང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཐོག་བགྲོ་གླེང་དོན་དང་ལྡན་པ་ཞིག་ཡོང་ཐུབ་ཀྱི་མེད་པའི་གནས་ཚུལ་འདུག

2011.08.27

༄༅༎རྒྱ་གར་གྱི་གྲོས་ཚོགས་ནང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཐོག་བགྲོ་གླེང་དོན་དང་ལྡན་པ་ཞིག་ཡོང་ཐུབ་ཀྱི་མེད་པའི་གནས་ཚུལ་འདུག

ཉིན་ཤས་གོང་ནས་བཟུང་རྒྱ་གར་ནང་ལྐོག་ཟ་རུལ་སུངས་ཀྱི་ཁྲིམས་གཞི་ནན་ཙམ་བཟོ་དགོས་ལུགས་ཀྱི་གནད་དོན་ཐོག་སྐྱེས་བུ་དམ་པ་གྒན་རྡིའི་རྗེས་མཇུག་པ་དང་། སྤྱི་ཚོགས་ཞབས་ཞུ་བ་ཨ་ན་ཧ་ཛི་མཆོག་ནས་རྒྱལ་ས་ལྡི་ལིའི་ནང་ཟས་བཅད་ངོ་རྒོལ་གྱིས་ལས་འགུལ་སྤེལ་ནས་ཉིན་གྲངས་བཅུ་གཉིས་ཙམ་འགྲོ་གི་ཡོད་པ་རེད། ཁོང་གི་ལྐོག་ཟ་རུལ་སུངས་ཀྱི་མེད་པ་བཟོ་ཐབས་སུ་ཇན་ལོག་པལ་ཞེས་པའི་ཁྲིམས་གཞི་བཟོ་རྒྱུར་དགོས་འདུན་བཏོན་བཞིན་པ་དེར་གྲོས་ཚོགས་ནང་གླེང་སློང་ཤུགས་ཆེ་བྱུང་ཡོད་ཀྱང་དམིགས་བསལ་དོན་འབྲས་སོན་པ་ཞིག་བྱུང་མེད་པ་རེད། ད་རིང་གྲོས་ཚོགས་ནང་། དཔལ་འབྱོར་བློན་ཆེན་པར་ནཝ་ མུ་ཁར་ཇི་མཆོག་ནས། ཨ་ན་ཧ་ཛ་རི་མཆོག་ལ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་བ་དང་། ཆབས་ཅིག་ད་ལྟའི་དུས་ཚོད་འདིར་ང་ཚོའི་མང་གཙོའི་ལམ་ལུགས་འདི་བཞིན་ཉག་ཕྲ་བའི་སྐབས་ཤིག་ཏུ་གནས་ཡོད་སྟབས་ཚང་མས་གྲོས་ཚོགས་ཀྱི་ཆེ་མཐོང་ལ་དོ་ཕོག་མི་འགྲོ་བའི་ཐོག་ནས་རྩ་ཁྲིམས་གཞིར་བཟུང་གནད་དོན་འདི་བཞིན་སེལ་ཐབས་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་ཡོད་འདུག ཨ་ན་ཧ་ཛ་རིས་བཏོན་གནང་བའི་ཁྲིམས་གཞི་དེ་ནི་གྲོས་ཚོགས་ཀྱི་མང་གཙོའི་ལམ་ལུགས་ལ་དོ་ཕོག་འགྲོ་རྒྱུའི་ཉེན་ཁ་ཡོད་ལུགས་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད། ཡིན་ནའང་ཨ་ན་ཧ་ཛ་རིས། གྲོས་ཚོགས་ཀྱི་འཐུས་མི་རྣམས་མི་མང་གི་འོས་འདེམས་བྱེད་པའི་མི་ཞིག་ཡིན་པ་དང་། ཁོང་ལ་མི་མང་ཕོན་ཆེས་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྟབས་ཁོང་གི་བཏོན་གནང་བའི་ལྐོག་ཟ་རུལ་སུངས་མེད་པ་བཟོ་ཐབས་ཀྱི་ཁྲིམས་འཆར་དེ་བཞིན་གྲོས་ཚོགས་ནང་ལམ་ལྷོང་ལྡན་པའི་གྲོས་མོལ་མ་བྱུང་བར་ཟས་བཅད་ཀྱི་ལས་འགུལ་མཚམས་འཇོག་བྱེད་རྒྱུ་མིན་ལ་ཁོང་ལ་མང་ཚོགས་ནས་རྒྱབ་སྐྱོར་ཤུགས་ཡོད་བཞིན་པ་དེས་བློ་སྟོབས་ཆེ་རུ་འགྲོ་གི་འདུག་ཅེས་གསུངས་ནས་མུ་མཐུད་ནས་ལས་འགུལ་སྤེལ་བཞིན་ཡོད་པ་རེད། ཡང་ཁོང་ལ་རྟོག་ཞིབ་གནང་མཁན་སྨན་པ་ཚོས་ཁོང་གི་སྐུ་གཟུགས་ཀྱི་འཕྲོད་བསྟེན་ལ་ཐུགས་ཚབ་ཡོད་ལུགས་གསུངས་ཀྱི་ཡོད་འདུག ཨ་ན་ཧ་ཛ་རིས་བཏོན་གནང་བའི་ཁྲིམས་འཆར་དེའི་ཐོག་རྒྱ་གར་ཁྱོན་ཡོངས་ཙམ་མ་ཡིན་པར་ཕྱིའི་ཡུལ་གྲུ་ཁག་ལ་གནས་སྡོད་བྱེད་མཁན་རྒྱ་གར་བ་ཚོས་ཀྱང་རྒྱབ་སྐྱོར་ཤུགས་ཆེ་བྱེད་ནས་ལས་འགུལ་སྣ་ཚོགས་ཤིག་སྤེལ་དང་སྤེལ་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎