སོ་ནི་ཡ་གྷན་རྡི་མཆོག་བཤག་བཅོས་རྗེས་མང་ཚོགས་མདུན་ཕེབས།

རྒྱ་གར་གྱི་ཀོང་རེ་སེ་ཨ་ཡེ་ཚོགས་པའི་དབུ་འཁྲིད་བཤག་བཅོས་གནང་བའི་རྗེས་སུ་དེ་རིང་ཐོག་མ་མང་ཚོགས་མདུན་ཕེབས་ཡོད་པ་རེད།

༄༅༎རྒྱ་གར་གྱི་ཀོང་རེ་སེ་ཨ་ཡེ་ཚོགས་པའི་དབུ་འཁྲིད་ལྕམ་སོ་ནི་ཡ་གྷན་རྡི་མཆོག་བཤག་བཅོས་གནང་བའི་རྗེས་སུ་ད་རིང་ཐོག་མ་མང་ཚོགས་མདུན་ཕེབས་ཡོད་པའི་གནས་ཚུལ་ཐོན་འདུག
ལྕམ་སོ་ནི་ཡ་གྷན་རྡི་མཆོག་འདས་པའི་ཟླ་བ་གཉིས་ཙམ་གོང་། བསྙུན་ནར་གྱི་རྐྱེན་པས་ཨ་རིའི་ནང་། བཤག་བཅོས་གནང་ནས་བདུན་ཕྲག་འགའ་ཤས་གོང་རྒྱ་གར་ལ་ཕྱིར་ཕེབས་གནང་ཡོད་ཀྱང་ད་བར་མང་ཚོགས་མདུན་ཐོན་གནང་མེད་པ་རེད། ཡིན་ནའང་ད་རིང་སྐྱེས་བུ་དམ་པ་གྷན་རྡིའི་སྐུའི་འཁྲུངས་སྐར་ཉིན་མོ་དང་སྟབས་བསྟུན་ནས་དྲན་རྟེན་ཡོད་སར་ཕེབས་ནས་མེ་ཏོག་གི་མཆོད་པ་ཕུལ་གནང་ཡོད་པ་དང་། དེའི་རྗེས་སུ་ཆོས་ཕྱོགས་ཀྱི་མཛད་སྒོ་ཞིག་ཏུའང་ཁྱུག་ཙམ་རིང་མཉམ་ཞུགས་གནང་ཡོད་པ་རེད། རྩ་བའི་ཁོང་བསྙུན་གཞི་གང་གི་ཆེད་བཤག་བཅོས་གནང་ཡོད་མེད་དང་། ཨ་རིའི་ནང་སྨན་ཁང་གང་དུ་སྨན་བཅོས་གནང་ཡོད་མེད་དམིགས་བསལ་གསལ་བསྒྲགས་གནང་མེད་ཀྱང་གསར་འགྱུར་བརྒྱུད་ལམ་ཁག་ཅིག་གི་ཁོང་ཀན་སར་རམ་ཀྲན་ནད་ཀྱི་བསྙུན་གཞི་ཕོག་ཡོད་ལུགས་བཤད་ཡོད་ཀྱང་ད་བར་ཕྱི་བསྒྲགས་བྱུང་མེད་པ་རེད། འོན་ཀྱང་ད་རིང་བརྙན་འཕྲིན་ནང་མཛད་སྒོའི་ཐོག་མཉམ་ཞུགས་གནང་བར་ཕེབས་པའི་བརྙན་པར་ནང་བཏོན་པར་ལྟར་ན། སྐུ་ཁམས་ཡག་པོ་ཡོད་པའི་རྣམ་པ་བསྟེན་ཡོད་པ་རེད།
ལྕམ་སོ་ནི་ཡ་གྷན་རྡི་མཆོག་ནི་ཀོང་རེ་སེ་ཨ་ཡེ་ཚོགས་པའི་དབུ་འཁྲིད་ཡིན་པ་དང་། ཁོང་གི་སྲས་ར་ཧུལ་གྷན་རྡི་མཆོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེའི་ཐུགས་འགན་བཞེས་ཀྱི་ཡོད་པ་དང་། མ་འོངས་པའི་སྲིད་བློན་འོས་དམིགས་ཡིན་པའི་ཚོད་རྩིས་བྱེད་ཀྱི་ཡོད་པ་རེད།།