རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་གྲོས་མོལ་ཚོགས་འདུ་ཐེངས་ ༣༣ ཐོག་རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་ས་མཚམས་བརྟན་ལྷིང་གལ་ཆེར་ངོས་འཛིན་དགོས་པའི་གྲོས་མོལ་བྱུང་འདུག

2025.03.26
རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་གྲོས་མོལ་ཚོགས་འདུ་ཐེངས་ ༣༣ ཐོག་རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་ས་མཚམས་བརྟན་ལྷིང་གལ་ཆེར་ངོས་འཛིན་དགོས་པའི་གྲོས་མོལ་བྱུང་འདུག རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་གྲོས་མོལ་ཚོགས་འདུ་ཐེངས་ ༣༣ སྐབས། ༢༠༢༥།༠༣།༢༥ ཉིན།
China's Ministry of Foreign Affairs

ཟླ་བ་ ༣ ཚེས་ ༢༥ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་གར་དང་རྒྱ་ནག་དབར་གྱི་ས་མཚམས་འབྲེལ་དོན་གྲོས་མོལ་ཚོགས་འདུ་ཐེངས་ ༣༣ པ་འཚོགས་ཡོད་པ་དེའི་ཐོག རྒྱ་དཀར་ནག་གི་མཐའ་མཚམས་ས་ཁུལ་གྱི་དངོས་གཞིའི་སྟངས་འཛིན་ས་ཐིག་ (Line of Actual Control) གི་གནས་སྟངས་ལ་བསྐྱར་ཞིབ་བྱ་རྒྱུར་གཙོ་བོར་དམིགས་ཤིང་། ཚོགས་འདུ་དེ་བཟང་ཕྱོགས་ཀྱི་རྣམ་པ་ཞིག་གི་ཐོག་ནས་སྤེལ་ཡོད། རྒྱ་དཀར་ནག་གཉིས་ཀས་ས་མཚམས་སུ་ཞི་བདེ་ལྷིང་འཇགས་རྒྱུན་འཁྱོངས་བྱ་རྒྱུ་ནི་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་བས་གཏིང་ཟབ་ཏུ་འགྲོ་བའི་གལ་ཆེའི་རྨང་གཞི་ཡིན་པར་ངོས་འཛིན་སོགས་ཀྱི་གྲོས་མཐུན་བྱུང་ཡོད་སྐོར། ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༢༥ ཉིན་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་གསར་འགོད་བསྒྲགས་གཏམ་སྤེལ་བའི་ནང་འཁོད་འདུག

རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་(S Jai Shankar) ཡིས་འདི་ཚེས་ ༢༦ ཉིན་ (Asia Society Policy Institute) ཡིས་གོ་སྒྲིག་ཞུས་པའི་འདུ་འཛོམས་ཤིག་གི་ཐོག རྒྱ་དཀར་ནག་གཉིས་ཀྱི་དབར་མ་འོངས་གནད་དོན་འཕྲད་སྲིད་ཀྱང་། རྩོད་རྙོག་མེད་པའི་ཐོག་དཀའ་ངལ་དེ་དག་སེལ་ཐབས་ཡོད་པ་རེད་ཅེས་དང་། སྔ་ལོའི་ཟླ་ ༡༠ པ་འགོ་འཛུགས་ཀྱིས་རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་ལམ་ཇེ་ལེགས་སུ་འགྲོ་བཞིན་ཡོད་པར། རྒྱ་གར་གཞུང་ཕྱོགས་ནས་མུ་མཐུད་གོམ་པ་རེ་རེ་བཞིན་མདུན་སྤོས་ཀྱིས། དེ་སྔ་འཕགས་བོད་གཉིས་ཀྱི་ས་མཚམས་གྷལ་ལྦན་ཁུལ་གྱི་རྩོད་རྙོག་ལས་བྱུང་བའི་གནས་སྟངས་ཇེ་ལེགས་སུ་གཏོང་ཐབས་ལ་འབད་བཞིན་ཡོད་ཅེས་གསུངས་འདུག

པེ་ཅིང་དུ་འཚོགས་པའི་རྒྱ་གར་དང་རྒྱ་ནག་དབར་གྱི་ས་མཚམས་འབྲེལ་དོན་གྲོས་མོལ་ཚོགས་འདུ་ཐེངས་ ༣༣ པ་དེའི་ཐོག་རྒྱ་གར་གཞུང་ཕྱོགས་ནས་སྐུ་ཚབ་ཏུ་ཤར་ཨེ་ཤི་ཡའི་ལས་དོན་ཚན་པའི་མཉམ་འབྲེལ་དྲུང་ཆེ་ (Gourangalal Das) དང་། རྒྱ་ནག་གི་སྐུ་ཚབ་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་ས་མཚམས་དང་རྒྱ་མཚོའི་ལས་དོན་ཚན་པའི་འགན་འཛིན་ (Hong Liang) གཉིས་ལྷན་བཞུགས་ཐོག མ་འོངས་རྒྱ་གར་དང་རྒྱ་ནག་དབར་གྱི་ས་མཚམས་འབྲེལ་དོན་གྲོས་མོལ་ལམ་ལས་དོན་སྒྲིག་གཞི་ཚོགས་འདུ་དེ་བཞིན་རྒྱ་གར་དུ་འཚོག་རྒྱུའི་གྲོས་མཐུན་བྱུང་ཡོད་པ་ནི། རྒྱ་དཀར་ནག་གཉིས་ཀྱིས་ཕྱོགས་ཕན་ཚུན་དབར་གྱི་ས་མཚམས་དཀའ་རྙོག་ཞི་འཇགས་དང་ས་ཁུལ་གྱི་བརྟན་ལྷིང་རྒྱུན་འཁྱོངས་བྱ་རྒྱུར་གལ་གནད་ཅན་དུ་ངོས་འཛིན་བྱེད་ཀྱི་ཡོད་པ་གསལ་སྟོན་ཐུབ་ཅེས་དང་། གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོའི་གནས་སྐོར་སོགས་དང་འབྲེལ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་དབར་གྱི་མི་ཕན་ཚུན་དབར་གྱི་འབྲེལ་ལམ་ཡར་རྒྱས་ཐད་ཤུགས་སྣོན་རྒྱག་རྒྱུའི་གལ་གནད་རང་བཞིན་གསལ་སྟོན་ཐུབ་ཅེས་རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ཀྱིས་སྤེལ་བའི་གསར་འགོད་བསྒྲགས་གཏམ་ནང་འཁོད་འདུག

ཐེངས་འདིའི་ཚོགས་འདུའི་ཐོག་ཕྱི་ལོ་ ༢༠༢༤ ལོའི་ཟླ་བ་ ༡༢ ནང་རྒྱལ་ས་པེ་ཅིང་དུ་འཚོགས་པའི་རྒྱ་དཀར་ནག་གི་ས་མཚམས་གནད་དོན་ཐད་ཀྱི་དམིགས་བསལ་འཐུས་མིའི་ཚོགས་འདུ་ཐེངས་ ༢༣ པའི་གྲོས་ཆོད་ལག་བསྟར་སྐོར་གྲོས་མོལ་གྱིས། རྒྱལ་ཁབ་ཕྱོགས་གཉིས་ཀྱི་མཐའ་མཚམས་དོ་དམ་ཇེ་ལེགས་སུ་གཏོང་བ་དང་ཕྱི་འབྲེལ་དང་དམག་དཔུང་མཐུན་སྦྱོར་ཇེ་བཟང་དུ་གཏོང་བར་དམིགས་ཏེ་གྲོས་གཞི་ཁག་གཅིག་གི་སྐོར་གྲོས་མོལ་བྱུང་ཡོད་པ་རེད་འདུག

གཞན་ཡང་འདི་ཚེས་ ༢༦ ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་(S Jai Shankar) གྱིས། ཕྱི་ལོ་ ༢༠༢༠ ལོར་གྷལ་ལྦན་དུ་བྱུང་བའི་དོན་རྐྱེན་ཐོག རྒྱ་གར་གྱི་མཐའ་སྲུང་དམག་མི་༢༠ལྷག་རྐྱེན་འདས་སུ་ཕྱིན་པ་སོགས་རྒྱལ་ཁབ་ཕན་ཚུན་དབར་གྱི་འབྲེལ་ལམ་ལ་དོ་ཕོག་ཤུགས་ཆེ་བཏང་ཡོད་པ་ནི། རྒྱལ་ཁབ་ཕྱོགས་གཉིས་དབར་འཐབ་རྒོལ་ཙམ་ཞིག་མ་ཡིན་པར། དེས་དེ་སྔ་རྒྱ་དཀར་ནག་གཉིས་དབར་ས་མཚམས་སོགས་དང་འབྲེལ་བའི་གྲོས་ཆོད་ཁག་ལ་རྩིས་མེད་རྡོག་རོལ་བཏང་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པས་གལ་ཏེ་ས་མཚམས་བརྟན་ལྷིང་དང་ཞི་བདེ་དཀྲུག་ཚེ། རྒྱལ་ཁབ་ཕན་ཚུན་དབར་གྱི་འབྲེལ་ལམ་ཐོག་ལའང་བཟང་ཕྱོགས་ཀྱི་རྣམ་པ་མངོན་རྒྱུ་མིན་པ་གསལ་པོ་རེད་ཅེས་གསུངས་འདུག

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎