རྒྱ་གར་དང་རྒྱ་ནག་དབར་ས་མཚམས་ཀྱི་གནད་དོན་ཐོག་གླེང་རྒྱུ།

རྒྱ་གར་དང་རྒྱ་ནག་གི་དམིགས་བསལ་སྐུ་ཚབ་དབར་ས་མཚམས་ཀྱི་གནད་དོན་ཐོག་གྲོས་མོལ་ཐེངས་༡༤པ་རྒྱ་ནག་ཏུ་གནང་རྒྱུ་ཡིན་པའི་སྐོར།

༄༅།།རྒྱ་གར་དང་རྒྱ་ནག་གི་དམིགས་བསལ་སྐུ་ཚབ་དབར་ས་མཚམས་ཀྱི་གནད་དོན་ཐོག་གྲོས་མོལ་ཐེངས་༡༤པ་རྒྱ་ནག་ཏུ་གནང་རྒྱུ་ཡིན་པ་དང༌། དེ་ནི་རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་རྒྱ་གར་དུ་འཚམས་འདྲིར་ཡོང་རྒྱུའི་སྔ་རོལ་དུ་རྒྱལ་ཁབ་གཉིས་དབར་ལ་ལོ་མང་རིང་ནས་ས་མཚམས་ཀྱི་དཀའ་རྙོག་ཡོད་པ་དེ་སེལ་ཐབས་བྱ་རྒྱུའི་འཆར་གཞི་ཞིག་ཡིན་པ་རེད།

དེ་ཡང་རྒྱ་གར་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་སྐུ་ཞབས་ཤིལྦ་ཤང་ཀར་མེ་ནོན་ནི་རྒྱ་གར་གྱི་དམིགས་བསལ་སྐུ་ཚབ་ཏུ་བསྐོ་བཞག་གིས་ཕྱི་ཚེས་༢༨རེས་གཟའ་ཟླ་བའི་ཉིན་རྒྱ་ནག་ཏུ་ཉིན་གསུམ་རིང་གི་འཚམས་འདྲིར་ཕེབས་འབྱོར་གནང་སྟེ་ཁོང་དང་རྒྱ་ནག་གི་དམིགས་བསལ་སྐུ་ཚབ་ཏའེ་ཕིང་གུའོ་གཉིས་ཀྱིས་ཕྱི་ཚེས་༢༩དང་༣༠ཉིན་གཉིས་རིང་ས་མཚམས་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་ཐབས་ལམ་འཚོལ་གྲུབ་ཀྱི་གྲོས་མོལ་གནང་རྒྱུ་ཡིན་པ་རེད། ཡུལ་གྲུ་གཉིས་དབར་གྱི་གྲོས་མོལ་ཐེངས་༡༣པ་དེ་ཕྱི་ལོ་༢༠༠༩ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་སྐུ་ཚབ་ཨེམ་ཀེ་ན་ར་ཡན་དང་རྒྱ་ནག་གི་སྐུ་ཚབ་ཏའེ་ཕིང་གུའོ་དབར་གནང་ཡོད་ཀྱང་གྲོས་མོལ་དེར་ཡར་རྒྱས་ཀྱི་འཕེལ་རིམ་གང་ཡང་མ་བྱུང་བར་མཇུག་སྒྲིལ་ཡོད་པ་རེད།

རྒྱ་གར་དང་རྒྱ་ནག་གཉིས་དབར་ལ་ཀི་ལོ་མི་ཊར་བཞི་སྟོང་ཙམ་གྱི་ས་མཚམས་ཀྱི་ས་འབྲེལ་འཁེལ་ཡོད་པ་དང༌། རྒྱ་ནག་ཕྱོགས་ནས་རྒྱ་གར་གྱི་ལ་དྭགས་ས་གནས་ནང་གི་ཨ་ཀ་སའེ་ཆིན་དང་ཨ་རུ་ན་ཅལ་མངའ་ཁུལ་ནི་བོད་ལྷོ་ཕྱོགས་ས་ཁོངས་ཡིན་པ་བཤད་དེ་རྒྱ་ནག་གི་བདག་དབང་ཡིན་པ་རྩོད་ལེན་བྱེད་པར་བརྟེན་ནས། ༡༩༨༠ནས་བཟུང་རྒྱ་གར་དང་རྒྱ་ནག་གཉིས་བར་ས་མཚམས་རྩོད་རྙོགས་སེལ་ཐབས་ཀྱི་གྲོས་མོལ་འགོ་བཙུགས་ཏེ་རྒྱལ་ཁབ་གཉིས་པོས་ལས་དོན་མཇུག་སྐྱོང་གི་ཆེད་དུ་ཕྱོགས་གཉིས་པོས་དམིགས་བསལ་སྐུ་ཚབ་བསྐོ་བཞག་བྱས་ཏེ་གྲོས་མོལ་མུ་མཐུད་བྱ་རྒྱུའི་མོས་མཐུན་བྱུང་བ་མ་ཟད། ༡༩༩༣དང་༡༩༩༦ལོ་སོ་སོར་ཕྱོགས་གཉིས་པོའི་ས་མཚམས་ས་ཁུལ་བརྟན་ལྷིང་དང་ཞི་བདེ་རྒྱུན་གནས་བྱ་རྒྱུའི་གྲོས་ཆམ་བྱུང་ཡོད་པ་རེད།