རྒྱ་དཀར་ནག་བར་ས་མཚམས་གྲོས་མོལ་ཐེངས་བཅུ་གསུམ་པར་དོན་འབྲས་གང་ཡང་བྱུང་མི་འདུག

རྒྱ་གར་གྱི་ངོས་ནས་རྒྱ་ནག་དང་འབྲེལ་མོལ་སོགས་གནང་སྐབས་བོད་དང་ཧོང་ཀོང་དེ་བཞིན་ཤར་ཏུར་ཀིསུ་ཐན་གྱི་བདག་དབང་གི་གནད་དོན་ཐོག་འདྲི་རྩད་བྱེད་དགོས་ཀྱི་རེད་ཅེས་རྒྱ་གར་གྱི་དམག་སྤྱི་ཟུར་བ་ཞིག་གིས་བརྗོད་འདུག
ཉེ་ལམ་ཚེས་༡༠་ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་དང་བོད་གཉིས་ཀྱི་ས་མཚམས་ས་ཁུལ་(Moldo)་ཞེས་པར་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་འགོ་ཁྲིད་ཚོའི་བར། ཡུལ་གྲུ་གཉིས་དབར་འཕྲད་བཞིན་པའི་ས་མཚམས་ཀྱི་གནད་དོན་ཁག་སེལ་ཐབས་ཆེད་གྲོས་མོལ་ཐེངས་༡༣་པ་བྱས་ཡོད་ན་ཡང་མཐའ་མཚམས་དང་འབྲེལ་བའི་དཀའ་རྙོག་ཁག་སེལ་རྒྱུའི་ཐབས་ལམ་མ་རྙེད་པར་གྲོས་མོལ་དེ་གྲུབ་འབྲས་ལྡན་པ་བྱུང་མེད་པ་རེད། གོང་ཞུས་གནད་དོན་དང་འབྲེལ་ནས་བདེ་འཇགས་དང་ཐབས་བྱུས་ཐོག་དཔྱད་ཞིབ་གནང་མཁན་རྒྱ་གར་གྱི་རྐང་དམག་སྡེ་ཚན་གྱི་དམག་སྤྱི་ཟུར་པ་(S.B. Asthana)་ལགས་ཀྱིས་(First Post)་ཞེས་པའི་གསར་ལས་ཁང་གི་དྲ་གནས་ཐོག་དཔྱད་གཏམ་ཞིག་འདོན་སྤེལ་གནང་ནས། ད་རེས་རྒྱ་དཀར་ནག་གཉིས་བར་གྱི་གྲོས་མོལ་ཐེངས་༡༣་པ་དེར་གྲུབ་འབྲས་མ་ཐོན་པ་དེར་ཧང་སང་དགོས་དོན་གང་ཡང་མེད་པ་དང་། གྲོས་མོལ་དེ་འགོ་མ་བཙུགས་གོང་ཙམ་ལ་རྒྱ་ནག་གཞུང་ཕྱོགས་ནས་རྒྱ་གར་གྱི་(Uttarkhand)་དང་། ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་ཁག་ཅིག་ཏུ་བཙན་འཛུལ་གྱི་བྱ་ངན་སྤེལ་བ་དང་། འཕགས་བོད་གཉིས་ཀྱི་ས་མཚམས་ཁག་ཏུ་གྲོང་སྡེ་གསར་རྒྱག་བྱེད་བཞིན་པ་ཁག་ལ་བལྟ་སྐབས། རྒྱ་ནག་གཞུང་ཕྱོགས་ནས་མཐའ་མཚམས་ཀྱི་གནད་དོན་དེ་ཞི་འགྲིག་ཡོང་བའི་འདོད་པ་རྩ་བ་ནས་མེད་པ་གསལ་པོ་རེད་ཅེས་བཀོད་གནང་བ་མ་ཟད། ད་དུང་ཁོང་གིས་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དམིགས་ཡུལ་གཙོ་བོ་ཞིག་ནི་རྒྱ་ནག་དེ་བཞིན་ཨེ་ཤ་ཡའི་ནང་གི་དབང་ཤུགས་ཆེ་བའི་རྒྱལ་ཁབ་གཅིག་ཏུ་འགྱུར་རྒྱུ་དེ་ཡིན་ཡང་། རྒྱ་ནག་གཞུང་ལ་སེམས་འཚབ་གཅིག་ཡོད་པ་དེ་ནི་རྒྱ་གར་གྱི་ངོས་ནས་རྒྱ་ནག་ལ་མགོ་བོ་སྒུར་མིན་སྤྱི་དང་། ལྷག་དོན་དུ་ལ་དྭགས་ཀྱི་ཤར་ངོས་ས་གནས་དེ་དག་རྒྱ་ནག་གཞུང་གི་དམིགས་ཡུལ་སྒྲུབ་རྒྱུའི་ཐབས་བྱུས་དང་འབྲེལ་བའི་ས་ཚིགས་གལ་ཆེན་པོ་ཞིག་ཆགས་ཡོད་སྟབས། ས་ཁུལ་དེ་དག་གི་བདག་དབང་ཐོག་མུ་མཐུད་ནས་རྩོད་ལེན་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་འདུག
ད་དུང་དཔྱད་རྩོམ་ནང་། རྒྱ་གར་གཞུང་གི་ངོས་ནས་ཐུགས་སྣང་གནང་དགོས་པའི་དོན་ཚན་ཁག་གཅིག་གསལ་འདོན་གནང་བའི་ནང་། རྒྱ་གར་གཞུང་ནས་རྒྱལ་ཁབ་ཀྱི་ཐབས་ཇུས་ཁག་ཡོངས་གྲགས་གནང་གི་མེད་ཀྱང་འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་རྒྱ་གར་གཞུང་གིས་རྒྱ་ནག་ལ་གདོང་ལེན་གནང་སྐབས། རྒྱ་ནག་གཞུང་ལ་ཕོག་ཐུག་རིགས་རྩ་བ་ནས་མི་གཏོང་རྒྱུ་དེ་ནི་འཐབ་ཇུས་ཀྱི་རྨང་གཞི་གཙོ་བོ་དེ་འཛིན་གྱི་ཡོད་པ་གསལ་པོ་ཡིན་སྟབས། འཐབ་ཇུས་ཀྱི་རྨང་གཞི་དེའི་འོག་ནས་ད་བར་རྒྱ་གར་ལ་ཁེ་ཕན་གང་ཡང་བྱུང་མེད་པ་མ་ཟད། རྒྱ་ནག་གཞུང་ངོས་ནས་དེར་ཆ་འཇོགས་རྩ་བ་ནས་བྱས་མེད་པ་རེད་ཅེས་གསུངས་པ་དང་མཉམ། རྒྱ་གར་གྱི་ངོས་ནས་རྒྱ་ནག་དང་འབྲེལ་མོལ་སོགས་གནང་སྐབས། བོད་དང་ཧོང་ཀོང་། དེ་བཞིན་ཤར་ཏུར་ཀིསུ་ཐན་གྱི་བདག་དབང་གི་གནད་དོན་ཐོག་འདྲི་རྩད་གནང་དགོས་ཀྱི་རེད་ཅེས་དང་། ད་བར་རྒྱ་གར་གྱི་ངོས་ནས་བོད་དང་། ཤར་ཏུར་ཀིསུ་ཐན། ཧོང་ཀོང་བཅས་ཀྱི་གནད་དོན་དངོས་སུ་མ་གླེང་ན་ཡང་རྒྱ་ནག་གི་ངོས་ནས་(Kashmir)་གྱི་གནད་དོན་བེད་སྤྱོད་བྱས་ནས་རྒྱ་གར་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་ཚོགས་མིའི་ཁོངས་སུ་ཚུད་རྒྱུར་འགོག་རྐྱེན་སྣ་ཚོགས་བཟོས་པ་ཡང་ལུང་འདྲེན་བྱས་འདུག
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།