རྒྱ་གར་ནང་རྒྱལ་ཡོངས་འོས་བསྡུ་གནང་རྒྱུའི་གསལ་བསྒྲགས།
2009.03.02
༄༅༎རྒྱ་གར་ནང་རྒྱལ་ཡོངས་འོས་བསྡུ་གནང་རྒྱུ་ཡིན་སྐོར་རྒྱ་གར་གྱི་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་པ་སྐུ་ཞབས་ཨེན་གོ་པལ་སུ་ལྦ་མི་ཡིས་རེས་གཟའ་ཟླ་བའི་ཉིན་གསལ་བསྒྲགས་གནང་ཡོད་པ་རེད།
རྒྱ་གར་ནང་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་འོས་བསྡུ་དེ་ཕྱི་ཟླ་བཞི་པའི་ཚེས་བཅུ་དྲུག་ནས་ཕྱི་ཟླ་ལྔ་པའི་ཚེས་བཅུ་གསུམ་བར་འོས་ཐེངས་ལྔ་གནང་ནས་གནང་རྒྱུ་ཡིན་སྐོར་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་པ་གོ་པལ་སུ་ལྦ་མི་ཡིས་གསུངས་འདུག
ཁོང་གིས་འོས་བསྡུའི་ཚེས་ཆ་གཏན་འཁེལ་གནང་རྒྱུའི་ཐོག་སློབ་ཕྲུག་རྣམས་པའི་ཡིག་རྒྱུགས་དང་མངའ་ཁུལ་གྱི་དུས་ཆེན་ཁག་དེ་བཞིན་སྟོན་ཐོག་འདེབས་ལས་ཀྱི་ནམ་དུས་སོགས་ལ་སྟབས་བསྟུན་ནས་གཏན་འཁེལ་གནང་བ་ཞིག་ཡིན་སྐོར་གསུངས་འདུག གནད་དོན་དབྱེ་ཞིབ་གནང་མཁན་རྣམས་ཀྱིས་ད་ཐེངས་ཀྱི་རྒྱ་གར་གྱི་འོས་བསྡུ་དེ་སྲིད་དོན་ཚོགས་པ་ཆེ་ཤོས་ཀོང་རེ་སི་དང་སྦི་ཇེ་པི་ཚོགས་པའི་བར་གྱི་ཐབས་རྩོད་ཅིག་ཆགས་ཀྱི་ཡོད་ནའང་ཚོགས་པ་གཉིས་ཀར་རྒྱལ་ཁ་ཆེན་པོ་ཐོབ་རྒྱུ་མིན་པའི་ཚོད་དཔག་གནང་གི་ཡོད་པ་མ་ཟད་གཞུང་འཛིན་གསར་པ་བཟོ་རྒྱུར་དུས་འགོར་སྲིད་པའི་སྐོར་ཡང་གསུངས་འདུག གལ་སྲིད་ཀོང་རེ་སི་དང་སྦི་ཇེ་པི་ཚོགས་པས་གཞུང་གསར་པ་ཞིག་འཛུགས་མ་ཐུབ་པ་ཡིན་ན་མངའ་ཁུལ་གྱི་སྲིད་དོན་ཚོགས་པ་ཁག་མཉམ་རུབ་ཐོག་གཞུང་གསར་པ་ཞིག་འཛུགས་རྒྱུ་ཡིན་སྐོར་གནད་དོན་དབྱེ་ཞིབ་གནང་མཁན་རྣམས་ཀྱིས་གསུངས་འདུག ཡང་གནད་དོན་དབྱེ་ཞིབ་གནང་མཁན་རྣམས་ཀྱིས་ད་ཐེངས་ཀྱི་རྒྱ་གར་གྱི་འོས་བསྡུ་དེར་ཡུལ་གྱི་དཔལ་འབྱོར་གྱི་དཀའ་ངལ་དང་སྲུང་སྐྱོབ་ཀྱི་གནད་དོན་སྐོར་གླེང་སློང་ཡོང་རྒྱུ་ཡང་གཙོ་བོ་རིགས་རུས་འདྲ་མིན་གྱི་དཀའ་རྙོག་དང་མངའ་ཁུལ་གྱི་ཚོགས་པ་ཁག་མཉམ་འབྲེལ་གནང་རྒྱུའི་གནད་དོན་ལ་སོགས་པའི་ཐོག་གླེང་སློང་ཤུགས་ཆེ་བ་ཡོང་རྒྱུ་ཡིན་སྐོར་གསུངས་འདུག།