རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་Nirmala Sitharaman མཆོག་གིས་རྩིས་ལོ་༢༠༢༠-༢༠༢༡ལོའི་ལོ་འཁོར་སྔོན་རྩིས་གྲོས་ཚོགས་སུ་འབུལ་ལམ་ཞུས་ཡོད་ཅིང་། མི་སྒེར་གྱི་ལོ་འཁོར་ཡོང་འབབ་འབུམ་ལྔ་མ་བརྒལ་ན། ཡོང་འབབ་ཁྲལ་འབུལ་དགོས་ཀྱི་མེད་པ་རེད། རྒྱ་གར་གྱི་ལོ་འཁོར་སྔོན་རྩིས་ཀྱི་རྩིས་ལོ་ཕྱི་ལོ་༢༠༢༠།༤།༡ ནས་ ༢༠༢༡།༣།༣༡ བར་ཡིན་པ་རེད།རྒྱ་གར་གཞུང་གི་སྔོན་རྩིས་ཀྱི་འགྲོ་གྲོན་རྩིས་འགོ་ཆེ་བ་ཁག་ནི།
སོ་ནམ་ཞིང་ལས་དང་འབྲེལ་ཆགས་ཀྱི་ཆེད་དུ་ཨ་སྒོར་ཐེར་འབུམ་༣༩་དང་གྲངས་ཆུང་༨
འཕྲོད་བསྟེན་ཆེད་ཨ་སྒོར་ཐེར་འབུམ་༩དང་གྲངས་ཆུང་༩
བཟོ་ལས་དང་ཚོང་ལས་ཆེད་ཨ་སྒོར་ཐེར་འབུམ་༣་དང་གྲངས་ཆུང་༩
གནམ་གཤིས་འགྱུར་ལྡོག་གིས་མཁའ་རླུང་འབག་བཙོག་ཉུང་འཁྲི་བྱ་རྒྱུའི་ལས་དོན་ཆེད་ཨ་སྒོར་ས་ཡ་༦༢༨་དང་གྲངས་ཆུང་༦གཏང་རྒྱུའི་སྔོན་རྩིས་འཆར་འབུལ་གནང་ཡོད་པ་རེད། རྒྱ་གར་བ་རྣམས་ཀྱི་ལོ་འཁོར་ཡོང་འབབ་རྒྱ་གར་སྒོར་མོ་འབུམ་ལྔའམ་ཨ་སྒོར་བདུན་སྟོང་བརྒྱ་དང་བཞི་བཅུ་བརྒལ་བ་རྣམས་ལ་ཡོང་འབབ་ཁྲལ་བརྒྱ་ཆ་༥་ནས་༡༠་བར་བཅོག་ཆ་གནང་རྒྱུ་མ་ཟད། ཡོང་འབབ་རྒྱ་གར་སྒོར་མོ་འབུམ་ལྔའི་འོག་ལ་ཡོད་ན་ཡོང་འབབ་ཁྲལ་འབུལ་མི་དགོས་ཤིང་། དེ་སྔོན་གྱི་ཚད་གཞི་ཡོང་འབབ་རྒྱ་གར་སྒོར་མོ་འབུམ་གཉིས་དང་ཕྱེད་ཀ་ཡིན་པ་རེད། རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་གུལ་དུ་འགྲོ་དང་འགྲོ་བཞིན་པ་དང་།
འདི་ལོའི་ལོ་འཁོར་གྱི་དཔལ་འབྱོར་ཐོན་སྐྱེད་བསྡོམས་འབོར་འཕེལ་རྒྱས་ཀྱི་བརྒྱ་ཆ་༥་འི་འོག་ཟགས་སྲིད་པ་ཡིན་པ་རེད། རྒྱ་གར་གཞུང་གིས་འཆར་ལོའི་ནང་ལོ་འཁོར་གྱི་དཔལ་འབྱོར་ཐོན་སྐྱེད་བསྡོམས་འབོར་འཕེལ་རྒྱས་ཀྱི་བརྒྱ་ཆ་༦་དང་གྲངས་ཆུང་༥་ཙམ་ཡོང་བའི་ཚོད་དཔག་གནང་གི་ཡོད་པ་རེད། འོན་ཀྱང་འཛམ་གླིང་མ་དངུལ་ཐེབས་རྩ་ཁང་གི་འདི་ལོ་རྒྱ་གར་གྱི་ལོ་འཁོར་དཔལ་འབྱོར་ཐོན་སྐྱེད་བསྡོམས་འབོར་འཕེལ་རྒྱས་དེ་སྔ་ཚོད་དཔག་གནང་བ་ལ་བཅོག་ཆ་གནང་སྟེ་བརྒྱ་ཆ་༤དང་གྲངས་ཆུང་༨་ལས་ཡོང་བཟོ་མེད་པར་གསུངས་ཡོད་པ་རེད། དཔལ་འབྱོར་རིག་པ་བ་ཕལ་མོ་ཆེས་དགོངས་ཚུལ་ལྟར་ན། རྒྱ་གར་གཞུང་གིས་སྟོང་ལོར་དང་ལྔ་བརྒྱའི་ལོར་གཞུང་བཞེས་བཏང་བ་དང་། GST ཞེས་དངོས་ཟོག་དང་ཞབས་ཞུའི་དཔྱ་ཁྲལ་བཀལ་བ་བཅས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་དོ་ཕོག་ཕྱིན་པར་ཡིད་ཆེས་གནང་གི་ཡོད་པ་རེད།།