རྒྱ་གར་དང་ཨཕ་རི་ཀའི་ཚོང་འབྲེལ་ལྷན་ཚོགས།
2011.05.25
༄༅༎རྒྱ་གར་དང་ཨཕ་རི་ཀ་དབར་ཉིན་གཉིས་རིང་ཚོང་འབྲེལ་གྱི་ལྷན་ཚོགས་གནང་བའི་མཐར་དེ་རིང་ཕྱོགས་གཉིས་དབར་འབྱུང་འགྱུར་ཚོང་དོན་དང་གཞི་ཡུལ་གཞན་ཐོག་མཉམ་འབྲེལ་གནང་རྒྱུའི་མཐུན་གྲོས་ཚིག་ཐོག་དེ་རིང་མཚན་རྟགས་གནང་འདུག།
རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིངྒ་མཆོག་དང་གླིང་ཆེན་ཨཕ་རི་ཀའི་རྒྱལ་ཁབ་༡༠འི་དབུ་ཁྲིད་རྣམ་པ་ཚོའི་དབར་ཉིན་གཉིས་ཀྱི་ཆེས་མཐོའི་ལྷན་ཚོགས་ཤིག་གནང་ཡོད་ཅིང༌། ལྷན་ཚོགས་དེའི་དམིགས་ཡུལ་གཙོ་བོ་ནི་འཛམ་གླིང་སྤྱིའི་མི་འབོར་གསུམ་ཆ་གཅིག་ཙམ་གནས་སྡོད་བྱེད་སའི་མངའ་ཁུལ་གཉིས་དབར་ཚོང་འབྲེལ་གོང་འཕེལ་གཏོང་ཐབས་གནང་རྒྱུ་དེ་ཡིན་པ་དང༌། ཁྱིམ་མཚེས་རྒྱ་ནག་གིས་འདས་པའི་ལོ་ངོ་བཅུ་ཕྲག་ཅིག་ནང་ཨཕ་རི་ཀའི་རྒྱལ་ཁབ་མང་པོ་ཞིག་ནང་ཚོང་ལས་རིགས་ཐོག་མ་འཛུགས་གཞི་རྒྱ་ཆེན་པོ་བྱས་ཡོད་སྟབས། ད་ཆ་རྒྱ་གར་ངོས་ནས་ཀྱང་ཨཕ་རི་ཀའི་ཚོང་ལས་ཀྱི་གཞི་ཡུལ་གོང་འཕེལ་གཏོང་ཐབས་གནང་བཞིན་ཡོད་པ་རེད།
སྲིད་བློན་མན་མོ་ཧན་སིངྒ་མཆོག་གིས་ འབྱུང་འགྱུར་གྱི་ལོ་གསུམ་ནང་རྒྱ་གར་གྱིས་ཨཕ་རི་ཀའི་རྒྱལ་ཁབ་ཁག་ལ་ཨ་སྒོར་ཐེར་འབུམ་༥བུན་གཏོང་སྔ་གཡར་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་མ་ཚད། སྲིད་བློན་མཆོག་གིས་ཨཕ་རི་ཀའི་མངའ་ཁུལ་ནང་སློབ་གཉེར་ཁང་དང་སྦྱོང་བརྡར་ལྟེ་གནས་ཁང་གསར་འཛུགས་ཐོག་ཌོ་ལར་ས་ཡ་བདུན་བརྒྱ་རོགས་རམ་གནང་རྒྱུའི་ཞལ་བཞེས་ཀྱང་གནང་འདུག། དེ་བཞིན་རྒྱ་གར་གཞུང་ནས་ཨཕ་རི་ཀའི་ནང་ཆབ་སྲིད་དང་བདེ་འཇགས་ཀྱི་འབྲེལ་ལམ་སྲ་བརྟན་་གཏོང་ཐབས་གནང་བཞིན་ཡོད་པ་ལྟར། སོ་མ་ལ་ཡའི་ནང་འཕོ་འགྱུར་འགྲོ་བཞིན་པའི་གཞུང་ལ་སྲུང་སྐྱོབ་རོགས་རམ་ཆེད་རོགས་དངུལ་ཌོ་ལར་ས་ཡ་གཉིས་གནང་རྒྱུའི་ཐག་གཅོད་གནང་འདུག།