རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་ཚན་པའི་སྤྱི་ཁྱབ་འགན་འཛིན་ཚེ་རིང་བྱམས་པ་ལགས་སུ་ནེ་དྷར་ལེནཌ་རྒྱལ་ཁབ་ཀྱི་གཟེངས་རྟགས་ཕུལ་བ།
དེ་ཡང་རྒྱལ་ས་ཝ་ཤིང་ཀྲོན་ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གསལ་བསྒྲགས་གནང་གསལ་ལྟར་ན། ཕྱི་ཟླ་༡༠ཚེས་༢༩ཉིན་ Netherlands ཡི་རྒྱལ་ས་Amsterdam དུ་ Netherlands གཞུང་གིས་སྤྱི་ཚོགས་ནང་ཕྱག་ལས་རླབས་ཆེན་བསྒྲུབས་པའི་ངོས་འཛིན་འོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་ཚན་པའི་སྤྱི་ཁྱབ་འགན་འཛིན་ཚེ་རིང་བྱམས་པ་ལགས་ཀྱི་འདས་པའི་ལོ་ངོ་བཅུ་གྲངས་མང་པོའི་རིང་བོད་མིའི་གཞི་རྩའི་རང་དབང་སྲུང་སྐྱོབ་དང་རང་དབང་གོང་འཕེལ་གྱི་ལས་དོན་ལ་ངོས་འཛིན་གྱི་ཁོང་ལ་ཡུལ་དེའི་རིམ་པ་ལྔ་པའི་ཆེ་བསྟོད་གཟེངས་རྟགས་ Ridder in de Orde van Oranje-Nassau ཞེས་པ་འབུལ་བཞེས་གནང་འདུག་པ་དང་། དེ་ནི་བོད་རིགས་ཞིག་ལ་དེ་ལྟར་གཟེངས་རྟགས་འབུལ་བ་ཐོག་མ་དེ་ཡིན་འདུག གཟེངས་རྟགས་དེ་བཞིན་ཚེ་རིང་བྱམས་པ་ལགས་ནས ཁོང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་སྤྱི་ཁྱབ་འགན་འཛིན་གྱི་ལས་ཁུར་ནས་རྒན་ཡོལ་དུ་ཕེབས་པའི་མཛད་སྒོའི་འདུ་འཛོམས་སྟེང་ཁོང་བཞུགས་ཡུལ་Utrecht གྲོང་ཁྱེར་སྤྱི་ཁྱབ་པ་ལྕམ་Sharon Dijksma ལགས་ཀྱིས་གསོལ་རྩལ་གནང་འདུག གྲོང་སྡེ་སྤྱི་ཁྱབ་པ་Sharon ལགས་ཀྱིས་ཚེ་རིང་བྱམས་པ་ལགས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་སྤྱི་ཁྱབ་འགན་འཛིན་གྱི་ལས་གནས་ནས་རྒན་ཡོལ་དུ་ཕེབས་པར་བློ་ཕམས་ཡོད་པ་གསུངས་ཞིང་། འོན་ཀྱང་ཁོང་ནས་བོད་མི་དང་གཞན་སྨྲ་བརྗོད་ཀྱི་རང་དབང་མེད་པའི་མི་མང་ལ་ཞབས་འདེགས་ཀྱི་ལས་དོན་མུ་མཐུད་གྲུབ་ངེས་ཡིན་ལ་ཚེ་རིང་བྱམས་ལགས་ཀྱི་བློ་སྟོབས་དང་བཟོད་སེམས་ཞི་བདེ་བཅས་ཀྱི་ཀུན་སློང་ལ་རྗེས་སུ་ཡིད་རངས་དང་གཞན་ལའང་དམིགས་དཔེ་ལྟ་བུ་ཡིན་པ་བསྔགས་བརྗོད་གནང་བཞག ཡང་མཛད་སྒོའི་ཐོག་ཚེ་རིང་བྱམས་པ་ལགས་ཀྱིས་ཚབ་ཏུ་ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྤྱི་ཁྱབ་འགན་འཛིན་གསར་པ་བོད་མི་མང་སྤྱི་ཟུར་བཀྲས་མཐོང་དབང་པོ་ལགས་ཀྱིས་ཚེ་རིང་བྱམས་པ་ལགས་སུ་ Netherlands གྱི་ཆེ་བསྟོད་གཟེངས་རྟགས་ཕུལ་བ་དེ་ནི་ཚེ་རིང་བྱམས་པ་ལགས་་ཀྱིས་བོད་མིར་ལོ་མང་རིང་ཞབས་འདེགས་ཞུས་པ་དང་། དྲང་བདེན་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་སྐབས་འཚེ་མེད་ཞི་བའི་ཐབས་ལམ་བསྟེན་པའི་ལས་དོན་ལ་ངོས་འཛིན་ཞུས་པར་དགའ་སྤོབས་ཤིན་ཏུ་ཆེ་བ་དང་། ཚེ་རིང་བྱམས་པ་ལགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་འཐབ་རྩོད་ཀྱི་སྙིང་སྟོབས་ནི་ཚང་མའི་མིག་དཔེ་ཞིག་ཆགས་ཡོད་པ་གསུངས་འདུག ཚེ་རིང་བྱམས་པ་ལགས་ནི་ཕྱི་ལོ་ ༡༩༥༥ ལོར་བོད་ཀྱི་རྫོང་དཀར་ཁུལ་དུ་སྐྱེས་ཤིང་ཕྱི་ལོ་ ༡༩༨༤ ལོར་ཧོ་ལན་ཌིའི་ནང་གནས་སྤོས་ཀྱིས་ Amsterdam བོད་སྐད་ཡིག་དགེ་རྒན་གྱི་ཕྱག་ལས་གནང་། ཕྱི་ལོ་ ༡༩༨༦ ལོར་ཁོང་Netherlands ནང་བོད་རིགས་སྤྱི་མཐུན་ཚོགས་པ་གསར་འཛུགས་གནང་མཁན་གྲས་སུ་ཡོད་ལ་ལོ་ ༨ རིང་སྤྱི་མཐུན་ཚོགས་པའི་ཚོགས་གཙོའི་ལས་འཁུར་ཞུས་འདུག་པ་མ་ཟད་རྗེས་སུ་ Holland བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་མཁན་གྲས་སུ་ཡོད་པའི་ཐོག་ཚོགས་གཙོའི་འགན་འཁུར་བཞེས་འདུག་ལ། དེ་བཞིན་UNPO འམ་རྒྱལ་ཁབ་མེད་པའི་འཐུས་ཚབ་དང་མི་མང་ཚོགས་པ་ཞེས་པའི་ཚོགས་གཞོན་གྱི་འཁན་འཁུར་ཡང་བཞེས་འདུག ༡༩༩༩ ནས་བཟུང་ད་བར་ལོ་ངོ་ ༢༢ རིང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་ཚན་པའི་སྤྱི་ཁྱབ་འགན་འཛིན་གྱི་ཐུགས་འགན་བཞེས་ཡོད་པ་རེད།།
གསར་འགོད་པ། དོན་འགྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།