རྒྱ་ནག་གཞུང་གིས་དོལ་རྒྱལ་ཐད་བཀོད་ཁྱབ་གསར་པ་བཏོན་ཡོད་པ།
2015.04.08
དོལ་རྒྱལ་གྱི་གནད་དོན་དེ་བཞིན་ཏཱ་ལའི་བླ་མའི་ཤོག་ཁག་དང་འཐབ་རྩོད་བྱེད་རྒྱུའི་མདུན་ཕྱོགས་གལ་ཆེ་ཞིག་ཡིན་པ་ཡིག་ཆའི་ནང་བཀོད་འདུག
དེ་ཡང་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་སྲུང་སྐྱོབ་བྱ་རྒྱུ་ཟེར་བའི་ལམ་སྟོན་ཡིག་ཆ་ཞིག་སྤེལ་བའི་ནང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནོར་འཁྲུལ་ཅན་ཞིག་ཡིན་པ་གསལ་བཏོན་བྱེད་ཐབས་ཆེད་དུ་རྒྱ་ནག་གི་འཛིན་སྐྱོང་དཔོན་རིགས་ཚོས་། ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་ནང་༧གོང་ས་མཆོག་ཆིབས་བསྒྱུར་ག་བར་གནང་ནའང་ངོ་རྒོལ་ཞུ་མཁན་ནུབ་ཕྱོགས་ཀྱི་དོལ་རྒྱལ་ལམ་ཤུགས་ལྡན་བསྟེན་མཁན་ཚོ་དང་ལག་འབྲེལ་ཡོད་པའི་དཔང་རྟགས་གསལ་པོ་ཡོད་པ་རེད་ཅེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གསལ་སྟོན་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་ཕྱག་སོན་བྱུང་བའི་གོང་ཞུས་རྒྱ་ནག་གི་
ཡིག་ཆ་དེའི་ནང་ཤུགས་ལྡན་གྱི་གནད་དོན་དེ་བཞིན་ཏཱ་ལའི་བླ་མའི་ཤོག་ཁག་དང་འཐབ་རྩོད་བྱེད་ཡག་གི་མདུན་ཕྱོགས་གལ་ཆེ་ཞིག་ཡིན་པར་འགྲེལ་བརྗོད་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གི་འཛིན་སྐྱོང་དཔོན་རིགས་ཚོས་འདས་པའི་ལོ་ཤས་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྣང་ཆུང་ཁྱད་གསོད་ཞུ་རྒྱུའི་ལས་འགུལ་གྱི་གྲས་སུ་བོད་ནང་དོལ་རྒྱལ་གསོལ་བའི་ལམ་སྲོལ་དར་སྤེལ་གཏོང་ཐབས་བྱེད་བཞིན་པ་རེད། རྒྱ་ནག་གཞུང་གི་ལམ་སྟོན་ཡིག་ཆ་དེ་སྔ་ལོ་འགྲེམས་སྤེལ་བྱས་ཡོད་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་ཉེ་ཆར་རང་ལག་སོན་བྱུང་ཡོད་པ་བཞིན་ཡིག་ཆ་དེའི་ཁ་བྱང་དུ་རྒྱལ་ཆེན་ཤུགས་ལྡན་གྱི་གནད་དོན་ལ་ནོར་འཁྲུལ་མེད་པའི་ཐོག་ནས་ལྟ་སྟངས་བསམ་ཚུལ་འགའ་ཤས་ཞེས་བཀོད་པ་དེ་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་ལས་ཁུངས་ནས་འགྲེམས་སྤེལ་བྱས་འདུག
སྔ་ལོ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དོལ་རྒྱལ་བསྟེན་སྲོལ་མཚམས་འཇོག་བྱེད་དགོས་ལུགས་གནས་ཚུལ་ཁྱབ་སྤེལ་བྱེད་མཁན་བོད་མི་གཉིས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ནས་བོད་མི་གཅིག་ལ་ལོ་བཅུའི་བཙོན་འཇུག་ཉེས་ཆད་བཏང་ཡོད་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།