བསྟན་ཆོས་རྒྱ་མཚོ་ལགས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་དུ་བསྐོ་བཞག་གནང་འདུག
དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། ཨ་མི་རི་ཀའི་རྒྱལ་སར་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་གཞོན་པ་བསྟན་ཆོས་རྒྱ་མཚོ་ལགས་ད་ཆ་ལས་འགུལ་ཁང་དེའི་འགན་འཛིན་དུ་བསྐོ་གཞག་བྱུང་འདུག་པ་སྤྱི་ཟླ་བཞི་བའི་ཚེས་༣ཉིན་ནས་ལས་འཁུར་འགོ་འཛུགས་ཞུ་རྒྱུ་ཡིན་པ་དང་། གཞན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཞིབ་འཇུག་སྡེ་ཚན་གསར་པ་ཞིག་འགོ་འཛུགས་གནང་རྒྱུ་ཡིན་པ་དེའི་འགན་འཛིན་དུ་བར་བརྒལ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་གནང་རྒྱུ་རེད་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་(Richard Gere)་ལགས་ཀྱིས། བསྟན་ཆོས་རྒྱ་མཚོ་ལགས་ལོ་ངོ་བཅུ་ཕྲག་མང་པོའི་རིང་རྒྱུས་མངའ་ཡོད་པ་དང་། ཁོང་གིས་བོད་དང་བོད་མིའི་འཐབ་རྩོད་ཐོག་འགན་འཁུར་གཏིང་ཟབ་བཞེས་ཀྱི་ཡོད་པ་མ་ཟད། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་གྲོས་ཚོགས་ཀྱི་ལས་བྱེད་པ། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་བཅས་ནས་ཁོང་ལ་གུས་བརྩི་དང་ཡིད་ཆེས་ཆེན་པོ་གནང་གི་ཡོད་པ་གསུངས་འདུག
ད་དུང་ཁོང་གིས་བུ་ཆུང་ཚེ་རིང་ལགས་ཀྱིས་ལོ་མང་རིང་བོད་རྒྱ་འབྲེལ་མོལ་སྐབས་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་ལ་ཕྱག་རོགས་ཞུས་ཡོད་པ་དང་། ཨ་རིའི་གྲོས་ཚོགས་སུ་བོད་དོན་ཉན་ཞིབ་ཐོག་བདེན་དཔང་གཏམ་བཤད་མང་པོ་གནང་ཡོད་པ་སོགས། ཁོང་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཀ་བ་ལྟ་བུའི་ཞབས་ཞུ་ཧུར་ཐག་གནང་མཁན་ཞིག་ཡིན་པ་འགྲེལ་བརྗོད་གནང་འདུག
གསར་འགོད་པ། རིག་ལྡན་སྒྲོལ་མ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།