ངར་རྨི་ལམ་ཞིག་ཡོད།
2013.08.28
༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔའི་ཨ་རིའི་རང་དབང་འཐབ་རྩོད་པ་སྐུ་ཞབས་Martin Luther King Jr. ཡིས་ངར་རྨི་ལམ་ཞིག་ཡོད། ཅེས་པའི་སྙན་གྲགས་ཆེ་བའི་གསུང་བཤད་དེ་གནང་ནས་མི་ལོ་༥༠ འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ། ༧མགོན་པོ་གང་ཉིད་ནས་ཀྱང་དུས་རབས་༢༡པ་འདིའི་ནང་ཞི་བདེ་ལྡན་པའི་འཛམ་གླིང་གི་ཁྱིམ་ཚང་ཞིག་བསྐྲུན་ཐུབ་པའི་ཐུགས་རེ་གནང་གི་ཡོད་པའི་བཀའ་སློབ་ཞིག་བསྩལ་གནང་མཛད་འདུག དེ་ཡང་༧གོང་ས་མཆོག་ནས་ཞི་བདེ་ལྡན་པའི་འཛམ་གླིང་གི་ཁྱིམ་ཚང་ཞིག་ཡོང་བར་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་པ་ཡིན་པའི་འདུ་ཤེས་འཛིན་ཐུབ་པ་ཞིག་དགོས་རྒྱུ་དང། དེ་ལྟ་བུའི་བསམ་བློ་ཞིག་ཤེས་ཡོན་དང་དངོས་ཡོད་གནས་སྟངས་ཐོག་བསམ་བློ་བཏང་ནས་ཡོང་ཐུབ་རྒྱུ་ཡིན། དེ་ལྟར་བྱུང་ན་འཚེ་བ་དང་དམག་འཁྲུག་ཡོང་རྒྱུའི་གཞི་རྩ་མེད་པར་བརྟེན། དུས་རབས་འདི་བཞིན་ཞི་བདེ་ལྡན་པ་ཞིག་ཡོང་ངེས་རེད། ཅེས་བཀའ་སློབ་བསྩལ་འདུག
ཡང་ The Salt Lake Tribuneཞེས་པའི་གསར་ཁང་ནས་སྤེལ་བའི་གནས་ཚུལ་ལྟར་ན། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁ་སང་རེས་གཟའ་མིག་དམར་ཉིན་ཨ་རིའི་ཡུ་ཊ་མངའ་སྡའི་ནང་འཚམས་གཟིགས་སྐབས་ཡུ་ཊ་གཙུག་ལག་སློབ་ཁང་གི་ S.J. Quinney་ཞེས་པའི་ཁྲིམས་ཀྱི་མཐོ་སློབ་ཏུ་གོ་སྒྲིག་གནང་བའི་གཏམ་བཤད་ཀྱི་ལས་རིམ་སྐབས། ཨ་རིའི་རང་དབང་འཐབ་རྩོད་པ་སྐུ་ཞབས་Martin Luther King Jr.དང་གཅིག་མཚུངས་བོད་མི་རྣམས་ལའང་རང་དབང་གི་དཔལ་ཡོན་ལོངས་སུ་སྤྱོད་རྒྱུའི་རྨི་ལམ་ཡོད་སྐོར་གསུངས་འདུག སྲིད་སྐྱོང་མཆོག་གིས་ད་དུང་། བོད་མིའི་རྨི་ལམ་ལྟར་རང་དབང་ཐོབ་པའི་ཉི་མ་ཞིག་བྱུང་བ་ཡིན་ན། འཛམ་བུ་གླིང་གི་རྨི་ལམ་གང་ཙམ་ཡང་རང་བཞིན་གྱིས་གྲུབ་རྒྱུ་ཡིན་སྐོར་གསུངས་འདུག
གཞི་རྩའི་ཕྱི་ལོ་ ༡༩༦༣ཟླ་ ༨ ཚེས་ ༢༨ ཉིན་ཨ་རིའི་ནང་མི་རིགས་ནག་པོའི་འཐབ་རྩོད་སྐབས། སྐུ་ཞབས་མར་ཏིན་ལུ་ཐར་ཀིང་གཞོན་པ་མཆོག་གིས། ངར་རྨིས་ལམ་ཞིག་ཡོད། ཅེས་པའི་གཏམ་བཤད་དེ་གནང་བའི་རྗེས་མི་རིགས་ནག་པོ་ས་ཡ་མང་པོར་སྙིང་སྟོབས་འཕེལ་རྒྱུར་ཕན་ཐོགས་ཧ་ཅང་བྱུང་བས་མ་ཟད། མཐར་ཨ་རིའི་ནང་མི་རིགས་འདྲ་མཉམ་ཡོང་རྒྱུར་ཡང་ནུས་པ་ཧ་ཅང་ཐོན་ཡོད།།