དོལ་ཚོགས་ཀྱི་བྱ་སྤྱོད་དང་སྐུའི་སྲུང་སྐྱོབ་ཞེས་བའི་བགྲོ་གླེང་།

དོལ་ཚོགས་ཀྱི་བྱ་སྤྱོད་དང་སྐུའི་སྲུང་སྐྱོབ་ཞེས་བའི་བགྲོ་གླེང་སྐབས། ༢༠༡༤།༡༢།༧།
དོལ་ཚོགས་ཀྱི་བྱ་སྤྱོད་དང་སྐུའི་སྲུང་སྐྱོབ་ཞེས་བའི་བགྲོ་གླེང་སྐབས། ༢༠༡༤།༡༢།༧། (མཐུན་འགྱུར་པར་རིས་)

དོལ་ཚོགས་ཀྱི་བྱ་སྤྱོད་དེས་ཆོལ་གསུམ་མཐུན་སྒྲིལ་དང་བོད་མིའི་རྩ་དོན་བཅས་ལ་གནོད་པ་སྐྱེལ་བཞིན་འདུག
དེ་ཡང་ཕྱི་ལོ་༢༠༡༥ལོའི་ཟླ་བ་གཉིས་པའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སུ་ཛར་ལེནྜིར་ཞབས་སོར་འཁོད་གཏན་འཁེལ་བ་དང་སྟབས་བསྟུན། འདི་ཚེས་དྲུག་རེས་གཟའ་སྤེན་པའི་ཉིན། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་གོ་བསྒྲིགས་འོག་ཨོར་ལེ་ཁོན་དུ་(Orlegon)དོལ་ཚོགས་ཀྱི་བྱ་སྤྱོད་དང་སྐུའི་སྲུང་སྐྱོབ་སྐོར་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་གོ་སྒྲིག་གནང་འདུག འདུ་འཛོམས་དེར་རི་ཀོན་མཁན་རིན་པོ་ཆེ་དང་། ཡུ་རོབ་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས། བོད་རིགས་མི་མང་གི་ཚོགས་གཙོ་གངས་གཞོན་ཚང་བློ་བཟང་དང་། སྤྱི་ཟུར་གསང་གླིང་ཚེ་རིང་རྡོ་རྗེ་གཙོས་པའི་སྤྱི་ཟུར་རྣམས་དང་། སུད་སི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྐུ་ཚབ་དང་། ཆོལ་ཁ་གསུམ་གྱི་ཚོགས་གཙོ་རྣམ་པ། འཛམ་གླིང་བོད་མིའི་བདེན་དོན་དང་བླངས་ལས་འགུལ་ཁང་གི་སྐུ་ཚབ་བཅས་ཆེད་དུ་གདན་ཞུ་གནང་འདུག བགྲོ་གླེང་ཐོག་དོལ་ཚོགས་ཀྱི་ད་ལྟའི་བྱ་སྤྱོད་ཀྱིས་བོད་པའི་འཐབ་རྩོད་དང་ཆིག་སྒྲིལ། ༧གོང་ས་མཆོག་གི་སྐུ་ཕྱྭ་བཅས་ལ་ཉེན་ཁ་བཟོ་བཞིན་པའི་ཐད་ངོས་འཛིན་གདོང་ལེན་ཇི་ལྟར་དགོས་མིན་ཐད་དགོངས་ཚུལ་སྣ་ཚོགས་བྱུང་ཡོད་ཅིང་། དོལ་ཚོགས་ཀྱིས་བྱ་སྤྱོད་འདིས་བོད་མི་རིགས་ཀྱི་རྩ་དོན་ལ་རྡོག་རོལ་གཏོང་གི་ཡོད་པ་མ་ཟད། ཆོས་དད་རང་དབང་ལ་ཁ་གཡར་ནས་རྒྱ་གཞུང་གི་བྱེད་བབ་ལས་སྡུག་པའི་བོད་པའི་ཆོས་དང་རིག་གཞུང་། ཆོལ་གསུམ་མཐུན་སྒྲིལ། བོད་མིའི་རྩ་དོན་བཅས་ལ་གནོད་པ་སྐྱེལ་བཞིན་པ་མ་ཟད། བོད་ཕྱི་ནང་གཉིས་ཀྱི་མི་མང་གི་སེམས་ལ་རྨ་ཁ་ཚད་མེད་བཟོ་བཞིན་ཡོད་སྟབས། དོལ་ཚོགས་ཀྱིས་༧གོང་ས་མཆོག་ལ་གཞི་མེད་སྐྱོན་འཛུགས་ཀྱི་ལས་འགུལ་གང་མགྱོགས་མཚམས་འཇོག་དགོས་སྐོར་མི་མང་ཚོས་བསམ་ཚུལ་ཤུགས་ཆེན་པོ་བྱུང་ཡོད་འདུག

གསར་འགོད་པ་ཀརྨ་རྒྱ་མཚོ།