༄༅༎ཁ་ས་པ་ཀི་སི་ཐན་གྱི་ཤར་ཕྱོགས་གྲོང་ཁྱེར་ལཱ་ཧོར་ནང་མི་དམངས་ཆིག་སྟོང་ལྷག་ཙམ་གྱིས་གོམ་བགྲོས་གནང་བ་དང་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་འཇིགས་སྐུལ་བས་གཏོར་རྒོལ་བཏང་བའི་གནས་ཚུལ་བྱུང་རྗེས་པ་ཀི་སི་ཐན་དང་རྒྱ་གར་གཉིས་དབར་ཕན་ཚུན་དངས་ཟུག་དང་འཁོན་རྩོད་མི་ཡོང་བའི་འབོད་སྐུལ་གནང་འདུག
གོམ་བགྲོས་དེ་བཞིན་པ་ཀི་སི་ཐན་མི་དམངས་ལས་འགུལ་ཚོགས་པས་གོ་སྒྲིག་གནང་ཡོད་པ་དང་གོང་ཞུས་ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་དོན་གཉེར་བ་ཚོས་གཞུང་ལམ་ལྟེ་བའི་ཐོག་གོམ་བགྲོས་གནང་ནས་ཞིང་ཆེན་གྱི་ས་གནས་གྲོས་ཚོགས་ཀྱི་ལས་ཁང་མདུན་བར་ཕེབས་ནས་འདུ་འཛོམས་གྲོལ་གནང་འདུག གོམ་བགྲོས་གནང་མཁན་བུད་མེད་དང་སྐྱེད་པ་ཚོའི་ཕྱག་ཏུ་པ་ཀི་སི་ཐན་རྒྱལ་ཁབ་ཀྱི་རྒྱལ་དར་བསྣམས་ཡོད་པ་དང་ང་ཚོར་ཞི་བདེ་དགོས་དམག་འཁྲུག་མི་དགོས་ཞེས་དང་རྒྱ་གར་གྱིས་སྐྱོན་འཛུགས་བྱ་རྒྱུ་མཚམས་འཇོག་དགོས་ཞེས་པའི་འབོད་ཚིག་བསྒྲགས་ཡོད་པ་རེད།
གྲོང་ཁྱེར་མུམ་སྦའེ་ནང་འཇིགས་སྐུལ་བས་གཏོར་རྒོལ་བཏང་བའི་དོན་རྐྱེན་ཐད་རྟོག་ཞིབ་གནང་མཁན་རྒྱ་གར་གྱི་མི་སྣ་ཚོས་པ་ཀི་སི་ཐན་ནང་རྟེན་གཞི་བྱས་པའི་དྲག་འཐབ་མཁན་གྱི་ཤོག་ཁག་ལཤི་ཀར་ཨེ་ཏོའེ་སྦ་ཐོག་བློ་དོགས་གནང་གི་ཡོད་ནའང་ཤོག་ཁག་དེས་རྒྱ་གར་གྱི་སྐྱོན་འཛུགས་ལ་ངོས་ལེན་བྱས་མེད་པ་དང་པ་ཀི་སི་ཐན་སྲིད་གཞུང་ནས་ཀྱང་དོན་རྐྱེན་དེའི་ནང་ཐེ་བྱུས་མེད་སྐོར་གསུངས་ཏེ་རྟོག་ཞིབ་ཐད་ཟུང་འབྲེལ་རོགས་རམ་གནང་རྒྱུའི་ཁས་ལེན་གནང་ཡོད་པ་རེད།
ཞར་འབྱུང་གནས་ཚུལ་ཞིག་ལ་ཁ་ས་པ་ཀི་སི་ཐན་གྱི་གྲངས་ཉུང་མི་རིགས་ཀྱི་རྫོང་སྡེ་བྱང་ལྦ་ཛི་རི་སི་ཐན་ནང་གི་རྒན་པོ་ཚོས་རྒྱ་གར་མཉམ་དུ་དམག་འཁྲུག་ལང་བ་ཡིན་ན་ཁོང་ཚོའི་ཡུལ་དམག་གིས་པ་ཀི་སི་ཐན་གཞུང་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་མ་ཟད་ད་ལྟའི་ཆར་པ་ཀི་སི་ཐན་གཞུང་གིས་ཏ་ལི་སྦན་དྲག་འཐབ་མཁན་ཐོག་དམག་དོན་གྱི་དྲག་རྒོལ་བྱེད་ཀྱི་ཡོད་པ་དེ་དག་མཚམས་འཇོག་བྱ་དགོས་རྒྱུའི་རེ་སྐུལ་ཡང་བྱས་འདུག དེ་བཞིན་ཏ་ལི་སྦན་དྲག་འཐབ་ཤོག་ཁག་གི་ཡན་ལག་སྡེ་ཚོགས་ཏ་རིཀ་ཨེ་ཏ་ལི་སྦན་པ་ཀི་སི་ཐན་ཟེར་བའི་ཚོགས་པས་ཀྱང་རྒྱ་གར་མཉམ་འཐབ་འཁྲུག་བྱ་དགོས་བྱུང་ཚེ་ཁོང་ཚོས་སྔོན་ཚུད་ཆ་རྐྱེན་གང་ཡང་མ་བཏོན་པའི་སྒོ་ནས་པ་ཀི་སི་ཐན་གཞུང་ལ་རྒྱབ་སྐྱོར་བྱ་རྒྱུའི་ཁས་ལེན་བྱས་འདུག