ཁམས་སྡེ་དགེ་རྫོང་གི་བོད་མི་ཚོ་ནག་ཉེས་མེད་པར་གང་བྱུང་འཛིན་བཟུང་བྱས་པ་རྣམས། འཕྲལ་དུ་གློག་གྲོལ་ཡོང་བར་རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་འདུག་ཅེས། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་པས་གསུངས་ཡོད་པ།

དེ་ཡང་ཨ་མི་རི་ཀའི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྤེལ་བའི་སྡེ་དགེ་ཕྱོགས་ཀྱི་གནས་ཚུལ་སོགས་ལུང་འདྲེན་གྱིས། སྤྱི་ཟླ་༢པའི་ཚེས་༢༨ཉིན་བསྒྲགས་གཏམ་སྤེལ་བའི་ནང་། བོད་ཀྱི་ཁམས་སྡེ་དགེ་ས་ཁུལ་གྱི་དབོན་པོ་སྟོད་དུ་བོད་མི་སེར་སྐྱ་ཕོ་མོ་བརྒྱ་ཕྲག་ཁ་ཤས། འབྲི་ཆུའི་ཆུ་རྒྱུད་དུ་རྒྱ་ནག་གཞུང་གིས་ཆུ་མཛོད་གློག་ཁང་གསར་རྒྱག་དང་འབྲེལ། ས་གནས་བོད་མིའི་གྲོང་ཚོ་དང་དགོན་སྡེ་ཁག་ཅིག་གནས་སྤོར་བྱ་དགོས་པའི་བཙན་བཀའ་བཏང་བར་ཞི་བའི་ངོ་རྒོལ་བྱས་པའི་རྗེས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་པ་འཁོད་ཡོད་པ་མ་ཟད། རྒྱ་ནག་གི་འགོ་ཁྲིད་ཚོ་དུས་ཡུན་རིང་མོ་ནས་གཞུང་ལ་ངོ་རྒོལ་བྱ་མཁན་གྱི་ཐོག་ཏུ་རྩུབ་སྤྱོད་ཆེ་བ་དང་། ལྷག་པར་བོད་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་ཐོག་དེ་བས་ཀྱང་གཏུམ་སྤྱོད་ཧ་ཅང་ཆེན་པོ་ཡིན་པས། རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ། སོ་སོའི་ཚུལ་མཐུན་གྱི་ཐོབ་ཐང་བེད་སྤྱོད་ཀྱིས་ཞི་རྒོལ་གནང་སྟེ་འཛིན་བཟུང་བྱས་པ་རྣམས། འཕྲལ་དུ་གློད་གྲོལ་ཡོང་ཐབས་གནང་དགོས་པ་རེད་ཅེས། འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་བར་བརྒལ་འགན་འཛིན་(Maya Wang)་ལགས་ཀྱིས་ནན་བརྗོད་གནང་འདུག
དེའི་སྔོན་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་བར་བརྒལ་འགན་འཛིན་མ་ཡ་ཝང་(Maya Wang)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ང་ཚོས་སྡེ་དགེ་ཕྱོགས་གཙོས་བོད་ནང་གི་གནས་སྟངས་ལ་དོ་སྣང་གིས་ལྟ་ཞིབ་བྱེད་བཞིན་ཡོད། ཡིན་ན་ཡང་དམ་དྲག་གི་དབང་གིས་བོད་ནང་གི་གནས་ཚུལ་ནི་ཧ་ཅང་དཀོན་པོ་འདུག ང་ཚོས་ས་གནས་སུ་འབྲེལ་བ་བྱས་ནས་གནས་ཚུལ་རྩད་གཅོད་བྱེད་ཐུབ་ཀྱི་མི་འདུག སྐབས་འདིར་ང་ཚོས་ས་གནས་སུ་འབྲེལ་བ་བྱས་ནས་གནས་ཚུལ་རྩད་གཅོད་བྱས་ཀྱང་ས་གནས་ཀྱི་མི་མང་ལ་ཉེན་ཁ་འདུག དེ་བས་ང་ཚོས་གནད་དོན་འདི་བོད་མི་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག ཞུ་གཏུག་པ་བཅས་དང་མཉམ་ལས་བྱས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཡོང་ཐབས་བྱེད་རྒྱུ་དང་། མུ་མཐུད་དུ་བོད་ནང་གི་དཀའ་སྡུག་གནས་སྟངས་དང་རྒྱ་ནག་གི་དྲག་གནོན་གྱི་གནས་སྟངས་གླེང་རྒྱུ་ཡིན་པ་གསུངས་བྱུང་།
ཡང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤེ་ཡའི་འགན་འཛིན་(Elaine Pearson)་ལགས་ནས་ཀྱང་། རྒྱ་ནག་གཞུང་གིས་སྡེ་དགེ་རྫོང་ཁོངས་སུ་ཞི་བའི་ངོ་རྒོལ་བ་འབོར་ཆེན་འཛིན་བཟུང་བཀག་ཉར་བྱས་པ་དེས། འབྲི་ཆུའི་རྒྱུད་དུ་མུ་མཐུད་ནས་ཆུ་མཛོད་བརྒྱབ་ན་བོད་མིའི་ཤུལ་བཞག་དང་རིག་གཞུང་། འཚོ་ཐབས་བཅས་ལ་གནོད་ཚབས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པ་གསལ་བོ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག་པ་མ་ཟད། ཁོང་གིས་ད་དུང་རྒྱ་ནག་གཞུང་གིས་འཛུགས་སྐྲུན་གཙོ་གནད་སྐབས་གནོད་ཐེབས་མང་ཚོགས་ཀྱི་བདེ་སྡུག་ལ་བལྟ་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་གསུངས་འདུག
ད་དུང་ཁོང་གིས་རྒྱ་ནག་གཞུང་གིས་གཙོ་གནད་འཛུགས་སྐྲུན་ཁག་གི་སྐབས་འཛུགས་སྐྲུན་དེས་ཤུགས་རྐྱེན་ཐེབས་ཡུལ་གྱི་མི་མང་ལ་ཆ་ཤས་ཤུགས་ཆེ་ཤོས་ལེན་དུ་བཅུག་དགོས་པ་ནི་ཧ་ཅང་གལ་ཆེན་རེད། གཞན་ཡང་རྒྱ་ནག་ནང་སྤྱི་དང་ཁྱད་པར་བོད་ཀྱི་ས་ཁུལ་དུ་དམ་དྲག་ཆེན་པོ་དང་བོད་མི་ཚོ་ཕན་ཚུན་འབྲེལ་ཐུག་ལ་ལྟ་ཞིབ་གཟབ་ནན་བཅས་བྱེད་བཞིན་པར་བརྟེན། ངོ་རྒོལ་གོ་སྒྲིག་དང་གནས་ཚུལ་ཁྱབ་སྤེལ་བྱ་རྒྱུ་བཅས་དཀའ་ལས་ཁག་པོ་དང་ཉེན་ཁའང་ཆེན་པོ་ཡིན་པས། གནས་ཚུལ་རག་རྒྱུ་རྦད་དེ་དཀོན་པོ་ཡིན་ནའང་། ང་ཚོས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་སོགས་བརྒྱུད་ནས་སྡེ་དགེ་རུ་ཞུ་འབོད་དང་བོད་མི་མང་པོ་བཀག་ཉར་གྱི་གནས་ཚུལ་ཤེས་རྟོགས་བྱུང་ཞེས་འགྲེལ་བརྗོད་གནང་འདུག
ཁོང་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགྱུར་དང་བརྙན་པར་ཁག་ལུང་འདྲེན་གནང་སྟེ། ཉེ་ལམ་སྤྱི་ཟླ་༢པའི་ཚེས་༡༤ཉིན། ཉུང་མཐར་བོད་མི་སུམ་བརྒྱ་ལྷག་སི་ཁྲོན་ཞིང་ཆེན་གྱི་སྡེ་དགེ་རྫོང་སྲིད་གཞུང་གི་སྒོ་རྩར་སོང་ནས། འབྲི་ཆུ་འབབ་རྒྱུད་དུ་ཆུ་མཛོད་གློག་འདོན་ས་ཚིགས་གསར་རྒྱག་མི་ཡོང་ཆེད་ཞུ་འབོད་གནང་བ་དང་། སྤྱི་ཟླ་༢པའི་ཚེས་༢༠ནས་༢༡བར་སྡེ་དགེ་རྫོང་གི་འབྲེལ་ཡོད་ལས་བྱེད་དང་ཉེན་རྟོག་པ་དབོན་སྟོད་དགོན་དང་ཡེ་ན་དགོན་པ་གཉིས་གཏོར་བཤིག་གྲ་སྒྲིག་ཏུ་ཡོང་ཡོད་པར། དབོན་སྟོད་དགོན་པ་སོགས་ཀྱི་སེར་སྐྱ་མང་ཚོགས་ནས་ཞི་བའི་སྒོ་ནས་རྒྱ་ནག་གི་འབྲེལ་ཡོད་ལས་བྱེད་ཚོར་ཞུ་འབོད་གནང་བར་ཉན་འཇོག་བྱེད་རྒྱུའི་ཚབ་ཏུ། བོད་མི་ཚོར་ཉེན་རྟོག་པས་ཉེས་རྡུང་གཏོང་བ་དང་འཛིན་བཟུང་བཙན་ཁྲིད་བྱས་ཏེ། ཉེན་རྟོག་པས་འཛིན་བཟུང་བྱས་པ་ཚོར་ཟ་ཆས་དང་ཉལ་གོས་ཁུར་ཡོང་དགོས་པའི་བཙན་བཀའ་བཏང་འདུག་པར་བལྟས་ན། བོད་མི་ཚོ་ཡུན་རིང་བཀག་ཉར་བྱ་རྩིས་ཡོད་པ་དང་མཚུངས། གྲོང་ཚོའི་སྐུ་ཚབ་བོད་མི་ཁག་ཅིག་ཉེན་རྟོག་ཁང་དུ་སོང་སྟེ་འཛིན་བཟུང་བྱས་པ་རྣམས་གློད་གྲོལ་བཏང་རོགས་ཀྱི་ཞུ་བ་འཐེན་པར། ཁོ་ཚོ་ཡང་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་འདུག་ཅེས་ངོ་སྤྲོད་གནང་གི་འདུག ཨ་མི་རི་ཀའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་དབོན་སྟོད་དགོན་པ་དང་ཡེ་ན་དགོན་པ་གཉིས་ལ་ལོ་ངོ་བདུན་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པ་དང་། རིག་གཞུང་གི་རིན་ཐང་གལ་ཆེན་ཡོད་པའི་ལྡེབས་བྲིས་སྣ་ཚོགས་ཡོད་པ་བཅས་འཁོད་ཡོད་མུར། བོད་ཀྱི་ས་ཁུལ་དུ་འཁེལ་བའི་འབྲི་ཆུའི་འབབ་རྒྱུད་དུ་རྒྱ་ནག་གཞུང་གིས་གློག་འདོན་ནུས་ཤུགས་(8.6gigawatts)་ཡོད་པའི་ཆུ་གློག་ས་ཚིགས་ཆེ་ཁག་ལྔ་བརྒྱབས་ཟིན་པ་དང་། འཛུགས་སྐྲུན་འགྲོ་བཞིན་པ་རྣམས་ཀྱིས། རྒྱ་ནག་ཤར་ཕྱོགས་སུ་གློག་གི་ནུས་པ་མཁོ་འདོན་བྱེད་ཀྱི་ཡོད་པ་ཁག སྤྱི་ལོ་༢༠༢༥ལོར་ཡོངས་སུ་གྲུབ་དགོས་པ་རྒྱ་ནག་གིས་གཞུང་འབྲེལ་འཆར་གཞི་བཀོད་ལུགས་ཀྱང་འཁོད་ཡོད་པ་རེད།

རྒྱ་ནག་གཞུང་གིས་སྡེ་དགེ་དབོན་སྟོད་ཁུལ་གྱི་འབྲི་ཆུའི་རྒྱུད་དུ་ཆུ་མཛོད་གློག་ཁང་གསར་རྒྱག་གི་ལས་གཞིའི་འོག་ཉུང་མཐར་དགོན་པ་དྲུག་དང་གྲོང་ཚོ་གཉིས་གནས་སྤོ་བྱེད་དགོས་སྐོར་བརྗོད་བཞིན་ཡོད་པ་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ད་བར་ཤེས་རྟོགས་བྱུང་བའི་དགོན་པ་དྲུག་ནི། སྡེ་དགེ་ཁུལ་གྱི་དབོན་སྟོད་དགོན་དང་ཡེ་ན་དགོན། མཁར་མདོ་དགོན་བཅས་ཡིན་ཞིང་། ཡང་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་ཁོངས་ཀྱི་རབ་བརྟན་དགོན་དང་། དགོན་སར། བཀྲ་ཤིས་དགོན་བཅས་ཡིན་པ་རེད།
གསར་འགོད་པ། བློ་བྷེ། བསྟན་འཛིན་པདྨ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།