༢༠༡༡ལོའི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ༎
2012.03.09
༄༅༎ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཞེས་པས་ཕྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ་དེ་རིང་འདོན་སྤེལ་བྱས་ཡོད་པའི་ནང་ཉིས་སྟོང་བཅུ་གཅིག་ལོ་དེ་བཞིན་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་ཡས་ཀྱི་འདས་པའི་ལོ་ངོ་བཅུའི་ནང་ནས་ལོ་སྡུག་ཤོས་ཤིག་ཡིན་པ་བཀོད་ཡོད་འདུག སྙན་ཐོ་དེའི་ན་ནིང་་དཀྱིལ་ཤར་ཁ་ཆེའི་ཡུལ་གྲུ་ཁག་ནང་དབང་ཆ་གཅིག་སྡུད་ལམ་ལུགས་མགོ་རྟིང་སློག་རྒྱུའི་ངོ་རྒོལ་གྱི་མཐོ་རླབས་འཕྱུར་བའི་རྗེས་རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཡོད་པའི་གཞུང་ཕྱོགས་དང་སྲིད་དོན་གྱི་ལྟ་སྤྱོད་མི་མཐུན་མཁན་ཚོར་རྡུང་རྡེག་གཏོང་ཡས་ཤུགས་ཆེ་རུ་བཏང་བ་དང་དུས་མཚུངས་ ན་ནིང་ལོ་གཅིག་པུའི་ནང་རྒྱ་ནག་ནང་གཞུང་ཕྱོགས་ནས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་མི་གྲངས་བཞི་སྟོང་ལྷག་ཙམ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་ དེའི་ནང་ནས་ཉུང་ཐར་ཡང་མི་གྲངས་༡༥༠ཙམ་ལ་ཉེས་རྡུང་མནར་གཅོད་ཕོག་ཡོད་ཅིང་ ད་དུང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་མི་གྲངས་བཅུ་གྲངས་ཉེན་རྟོག་པས་འཛིན་བཟུང་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་ དེ་མིན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་མི་གྲངས་བཅུ་གྲངས་ལ་བཙོན་འཇུག་གི་ཁྲིམས་གཅོད་བྱས་ཡོད་པ་འཁོད་འདུག སྙན་ཐོ་དེའི་ནང་ད་དུང་འཁོད་པར་ན་ནིང་རྒྱ་ནག་ནང་མི་རྣམས་ཀྱིས་དོ་སྣང་བྱེད་དགོས་གཙོ་བོ་ཞིག་ནི་ རྒྱ་ནག་གཞུང་གིས་གཞུང་ཕྱོགས་དང་སྲིད་དོན་གྱི་ལྟ་སྤྱོད་མི་མཐུན་མཁན་ཚོ་གསང་བའི་ཐོག་ནས་བཙན་ཁྲིད་བྱས་ཏེ་ཉུང་ཐར་ཡང་མི་གྲངས་ཉི་ཤུ་རྩ་གྲངས་ཤིག་གསང་བའི་བཀག་ཉར་བྱས་པ་དང་ཁོང་ཚོའི་ནང་མི་སྤུན་མཆེད་ཚོས་ཀྱང་ཁོང་ཚོ་གར་ཡོད་གནས་ཚུལ་ཤེས་རྟོགས་མེད་པའི་གནས་སྟངས་སྐོར་བཏོན་ཡོད་པ་རེད་