རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན་བོད་གནས་ཉམས་ཞིབ་པ་ཚོས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཛ་དྲག་དང་ཉེན་ཁ་ཅན་དུ་གྱུར་ཡོད་པ་གསལ་སྟོན།

2024.12.09
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན་བོད་གནས་ཉམས་ཞིབ་པ་ཚོས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཛ་དྲག་དང་ཉེན་ཁ་ཅན་དུ་གྱུར་ཡོད་པ་གསལ་སྟོན། བོད་མི་ཆབ་སྲིད་བཙོན་པ་ཁག་ཅིག ཟླ་ཚེས་མི་གསལ།
RFA/ Zhuoma Noubu

གཞུང་དང་གཞུང་འབྲེལ་མིན་པའི་བོད་དོན་རྒྱབ་སྐྱོར་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས། དུས་ཡུན་རིང་མོ་ནས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཆེད་འབད་བརྩོན་དང་། ཆབ་སྲིད་བཙོན་པའི་གྲངས་འབོར་དང་གནས་སྟངས་སྐོར་རྒྱ་ནག་གཞུང་འབྲེལ་གྱི་བཙོན་པའི་ཐོ་གཞུང་གཞིར་བཟུང་རྟོག་དཔྱོད་གནང་དགོས་ཐུག་གི་ཡོད་ནའང་། རྒྱ་ནག་གཞུང་གིས་ད་ཆ་འཆར་གཞི་ལྡན་པའི་སྒོ་ནས་བོད་ཀྱི་ཆབ་སྲིད་བཙོན་པ་ཚོའི་མིང་ཐོ་ནག་གསུབ་གཏོང་གི་ཡོད་པར་བརྟེན།འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཆབ་སྲིད་བཙོན་པའི་དོན་དངོས་ཀྱི་གྲངས་འབོར་དང་།གནས་སྟངས་རྟོག་ཞིབ་བྱེད་པར་དཀའ་ངལ་ཇེ་ཆེར་གྱུར་ཡོད་པའི་སྐོར་གསུང་གི་འདུག་ཅིང་།ལྷག་པར་བོད་ཀྱི་སྐད་ཡིག་གི་ཐོབ་ཐང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས་དང་། ཕྱི་ལོ་ ༢༠༢༠ ཟླ་ ༩ པའི་ནང་། བོད་རང་སྐྱོང་ལྗོངས་སུ་དགེ་འདུན་པ་ཆོས་རྒྱལ་དབང་པོ་ལགས་དང་།བློ་བཟང་སྦྱིན་པ་ལགས།ནོར་བུ་དོན་གྲུབ་ལགས་དང་ངག་དབང་ཡེ་ཤེས་ལགས་བཅས་སུ།རིམ་པ་བཞིན་ལོ་༢༠ དང་ ༡༩ ནས་ལོ་ ༡༧ དང་ ༥ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་རྣམས། རྒྱ་ནག་གི་ཆབ་སྲིད་བཙོན་པའི་ཐོ་གཞུང་ནང་མི་རྙེད་པར་ནག་གསུབ་བཏང་ཡོད་པའི་མཚོན། ཆབ་སྲིད་བཙོན་པ་མང་པོ་ཞིག་ཉམས་ཞིབ་ཁང་ཁག་གིས་མཁྱེན་རྟོགས་ཐུབ་ཁག་པོར་ཆགས་ཡོད་པ་དང་། འདི་ལོ་གཅིག་པུའི་ནང་བོད་མི་ཆབ་སྲིད་བཙོན་པ་བཙོན་འཇུག་དང་གར་སོང་ཆ་མེད་དུ་གྱུར་བ་བཅས། བོད་མི་ ༤༠ ལྷག་བཙོན་ཁང་དུ་ཚུད་ཡོད་པ་སོགས།བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཕུར་བུ་སྒྲོལ་མ་ལགས་ནས་འགྲེལ་བརྗོད་གནང་གི་འདུགhttps://www.hrw.org/news/2021/07/06/china-tibetan-monks-harshly-sentenced

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་ ༢༠༢༢ ལོ་ནི། བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆ་ཤོས་ཤིག་ཏུ་བརྩི་བཞིན་པ་སྟེ།ལོ་དེར་རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་ཀླད་ཀོར་གྱི་སྲིད་ཇུས་བཟུང་སྟེ། བོད་མི་༢༠༠ལྷག་གང་བྱུང་མང་བྱུང་བཀག་ཉར་བྱས་པ་སོགས་ཀྱིས་བོད་ནང་རང་ལུས་མེར་བསྲེགས་བྱས་པའི་སྟེང་།རྒྱ་ནག་གིས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་པ་བཙུགས་ཏེ་བོད་མི་༤༠བརྒལ་བ་འཛིན་བཟུང་དང་། ཁྲིམས་ཐག་བཅད་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༢༣ ལོར་བོད་མི་༣༧ལྷག་འཛིན་བཟུང་བྱས་པ་དང་།བོད་མི་༦གར་སོང་ཆ་མེད།བོད་མི་ཆབ་སྲིད་བཙོན་པ་༣འདས་གྲོངས།བོད་མི་༦ལ་ཁྲིམས་ཐག་བཅད་པའི་གནས་ཚུལ་བྱུང་ཡོད་ལ། རྒྱ་ནག་གཞུང་གིས་སྤྱིར་ཉེས་དོན་ཉེས་བསགས་ཀྱི་བཙོན་པ་རྣམས་ལ་རྒྱལ་སྤྱིའི་ཁྲིམས་འགལ་གྱི་མནར་གཅོད་ཚབས་ཆེན་གཏོང་བཞིན་པར། འཛམ་གླིང་ཡོངས་གྲགས་ཀྱིས་སྐྱོན་འཛུགས་ཤུགས་ཆེ་ཕོག་བཞིན་པ་མ་ཟད།ལྷག་པར་དུ་བོད་རིགས་ཆབ་སྲིད་བཙོན་པ་ཚོ་ནི་ཁ་བྲལ་རིང་ལུགས་པར་བརྩིས་ཏེ། མི་རིགས་དབྱེ་འབྱེད་ཀྱིས་ཁྲིམས་ཀྱི་འགྲོ་ལུགས་དང་ཁྲིམས་བཤེར་གྱི་བརྒྱུད་རིམ་སོགས་ཕལ་ཆེ་བར་མཚོན་པ་ཙམ་ཡང་མེད་པར། ཁོ་པ་ཚོས་རང་འདོད་ལྟར་ཉེས་རྡུང་དང་མནར་གཅོད། ཁྲིམས་ཐག་གཅོད་པ་བཅས་ལག་ལེན་བསྟར་བཞིན་པའི་མུར། བཙོན་ཁང་དུ་སྨན་བཅོས་དང་ཟ་མ།བཙོན་པའི་སྒྲིག་ལམ་གང་གི་ཆ་ནས་ཀྱང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཤ་སྟག་བྱས་བསྡད་ཡོད་པ།བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་པ་ཕུར་བུ་སྒྲོལ་མ་ལགས་ནས་འགྲེལ་བརྗོད་གནང་གི་འདུག

2collage of political prisoners mentioned in the story.png
ཕྱི་ལོ་ ༢༠༢༠ ནས་ ༢༠༢༤ བར་བོད་མི་བཙོན་འཇུག་བྱས་པ་ཤེས་རྟོགས་བྱུང་བའི་གྲངས་ཐོ། སྒྲིག་བཟོ།

https://tchrd.org/

༡༩༨༩ ལོར་བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན། འཛམ་གླིང་ནང་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་དེ་བཞིན། བོད་མི་ཚོས་དུས་ཚེས་ཧ་ཅང་གལ་ཆེན་དུ་བརྩིས་ཏེ་ལོ་རེ་བཞིན་སྲུང་བརྩི་གནང་གི་ཡོད་ཁར། འདི་ལོ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་མགོན་པོ་གང་ཉིད་ལ་འབུལ་ལམ་གྱིས་ལོ་ངོ་༣༥འཁོར་བར་དམིགས་བསལ་མཛད་སྒོ་གནང་བཞིན་པ་ནི། ཞི་བདེ་དང་འགྲོ་བ་མིའི་ཐོབ་ཐང་གཉི་གར་འབྲེལ་བའི་རྐྱེན་གྱིས་བོད་མི་ཚོས་རྟེན་འབྲེལ་གལ་ཆེན་ཞིག་ཏུ་ངོས་འཛིན་ལས་འགུལ་སྤེལ་དགོས་པ་དང་། རྒྱ་ནག་གཞུང་གིས་བོད་ནང་དཔལ་འབྱོར་དང་ཤེས་ཡོན། ཁོར་ཡུག ཆོས་དད་བཅས་གང་གི་ཆ་ནས་ཀྱང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་པ་མ་ཟད། ༢༠༢༠ ལོའི་ཟླ་ ༩ ནས་བཟུང་བོད་ནང་སྙན་གྲགས་ཆེ་བའི་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་ཡིག་སྡེ་ཁག་སྒོ་བརྒྱབས་པ་དང་། ལྷག་པར་དུ་ ༢༠༡༨ ལོ་ནས་བཟུང་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕེན་གྱིས།རྒྱ་ནག་གིས་འདས་པའི་ལོ་བདུན་ཅུའི་རིང་མི་རིགས་དང་རིག་གཞུང་སྣ་ཚོགས་ཀྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཐལ་དྲགས་པ་དང་། ད་ནས་བཟུང་དེ་གྲས་ལ་རྒྱབ་སྐྱོར་མི་བྱེད་པར་གཅིག་གྱུར་གྱི་ལམ་དུ་བསྐྱོད་རྒྱུ་ཡིན་པ་ཤུགས་ཆེར་བཤད་ཡོད་པས། སློབ་གྲྭ་ཁག་ནང་བོད་ཡིག་རྩ་མེད་དང་སློབ་ཆེན་ཁག་གི་བོད་ཡིག་དགེ་རྒན་རྣམས་ཕྱིར་འབུད་སོགས་ཚབས་ཇེ་ཆེར་འགྲོ་བཞིན་པ་ནི། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་མངོན་གསལ་དོད་ཤོས་ཆགས་ཡོད་སྐོར། བོད་ཀྱི་སྤྱི་ཚོགས་ཉམས་ཞིབ་པ་འབུམ་རམས་པ་རྒྱལ་ལོ་ལགས་ནས་འགྲེལ་བརྗོད་གནང་གི་འདུག

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཁྲིམས་ཡིག་གཏན་འབེབས་དང་ལྷན། རྒྱལ་སྤྱིའི་ཁྱོན་དུ་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ཏེ། ༡༩༤༨ ལོ་ནས་ལོ་བསྟར་ཆགས་སུ་ཟླ་༡༢པའི་ཚེས་༡༠ཉིན་མོ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ལ་སྲུང་བརྩི་གཏན་འབེབས་གནང་ཡོད་པས། ལོ་རེ་བཞིན་ཉི་མ་འདིར་འཛམ་གླིང་གི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་བཅས་ནས།ཆབ་སྲིད་ཀྱི་ལྷན་ཚོགས་གལ་ཆེན་དང་རིག་གཞུང་འཁྲབ་སྟོན། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གོང་སྤེལ་དང་འབྲེལ་བའི་འགྲེམས་སྟོན་གོ་རྟོགས་སྤེལ་བ་བཅས་གནང་ལམ་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ཡོད་བྱ་དགའ་ཁག་དང་། དམིགས་བསལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱང་ཉིན་མོ་འདི་དང་བསྟུན་ནས་འབུལ་ལམ་གནང་སྲོལ་ཡོད་པས། ཉི་མ་འདིར་བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་ཡོད་པ་དང་། འདི་ལོ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བརྗོད་སྙིང་གཙོ་བོ་ནི། ད་ལྟའི་ང་ཚོའི་ཐོབ་ཐང་དང་འབྱུང་འགྱུར་ཟེར་བ་དེ་ཡིན་པ་འདི། རྒྱ་ནག་གཞུང་གིས་བོད་རིགས་གཞོན་སྐྱེས་ཚོར་བོད་ཀྱི་སྐད་ཡིག་གོམས་གཤིས་དང་མི་རིགས་ཀྱི་ངོ་བོ་བཅས་རྩ་མེད་ཀྱི་སྲིད་ཇུས་གཏིང་ཇེ་ཟབ་ཏུ་གཏོང་བཞིན་པར་བརྟེན། འབོད་ཚིག་འདི་ཚོ་བོད་ཀྱི་གནས་སྟངས་ལ་ཁ་ཚ་དགོས་གཏུག་ཆགས་ཡོད་པ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འབྲུག་ལྡན་སྐྱིད་ལགས་ནས་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་གཞུང་གིས་འདི་ལོ་ནས་བོད་ནང་གི་དགོན་སྡེ་ཆེ་ཁག་གི་གྲྭ་བཙུན་རང་ལོ་བཅོ་བརྒྱད་མ་ཟིན་པ་ཡོད་ཚད་བཙན་ཁྲིད་ཀྱིས། རྒྱ་ནག་གི་སློབ་གྲྭར་བཅུག་སྟེ་རྒྱ་མིའི་སྐད་ཡིག་གོམས་གཤིས་སློབ་བཞིན་པར། གྲྭ་བཙུན་ཚོས་མ་བཟོད་པར་རང་ཤི་བརྒྱབ་རྩིས་གནང་བ་དང་། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལགས་བསྐྱར་དུ་བཀག་ཉར་བྱས་པ། ཁོར་ཡུག་སྲུང་སྐྱོབ་པ་གྲགས་ཅན་ཀརྨ་བསམ་འགྲུབ་གློད་གྲོལ་བཏང་ཡོད་ནའང་། སྐུ་གཟུགས་ནད་གཅོང་ཅན་དུ་བཟོས་པ་དང་སྡེ་དགེའི་ནང་ཆུ་མཛོད་གློག་ཁང་འཛུགས་སྐྲུན་གྱིས། བོད་མིའི་འཚོ་ཐབས་ལ་དོ་ཕོག་དང་བོད་མིའི་ཐོག་བཙན་གནོན་བྱས་པ། ཁྱུང་མཆུ་རྫོང་གི་ཚ་རུ་མའི་རྡང་ཆུ་སྲུང་སྐྱོབ་ཆེད་འབོད་སྐུལ་ཞུ་མཁན་ཚེ་རིང་ལགས་སུ། ཟླ་བ་བརྒྱད་རིང་བཀག་ཉར་གྱི་ཁྲིམས་ཆད་བཏང་བ། ར་རྒྱ་ཤེས་རིག་ནོར་གླིང་སློབ་གྲྭ་སྒོ་བརྒྱབས་པ་སོགས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ནི་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བ་བཞིན་པ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འབྲུག་ལྡན་སྐྱིད་ལགས་ནས་འགྲེལ་བརྗོད་གནང་གི་འདུག

བོད་ནང་བོད་མི་རྣམས་ཕྱི་རྒྱལ་དུ་འགྲོ་ཆོག་པ་ཕར་ཟད། ཐ་ན་མདོ་སྟོད་སྨད་ཀྱི་ས་ཁུལ་ནས་བོད་རང་སྐྱོང་ལྗོངས་དུ་བསྐྱོད་རྒྱུར་ཡང་རྒྱ་ནག་གཞུང་ནས་ཆོག་མཆན་སྣ་ཚོགས་ཞུ་དགོས་པའི་མཚོན། བོད་མི་རྣམས་ཕར་ཚུར་འགྲུལ་བཞུད་དང་འདུ་འཛོམས་ཀྱི་རང་དབང་མེད་པའི་ཁར། རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཕལ་མོ་ཆེར་བོད་ཡིག་བྲིས་མི་ཆོག་པ་དང་། བོད་སྐད་ཀྱི་ལམ་ནས་གླུ་གཞས་བླངས་པ་ཐམས་ཅད་རྒྱ་སྐད་དུ་བསྒྱུར་ཏེ་གཞུང་གིས་ཆབ་སྲིད་ཀྱི་གནད་དོན་ཡོད་མེད་རྟོག་དཔྱོད་བྱེད་པ།ཕ་མའི་ཕྲུ་གུ་སློབ་སྦྱོང་སྤྲོད་པའི་ཐོབ་ཐང་ཚུན་ཆད་འཕྲོག་སྟེ། བཅའ་སྡོད་སློབ་གྲྭའི་སྔོན་འགྲོའི་སློབ་གསོའི་ནང་ཕྲུ་གུ་ལོ་༤ནས་༦གི་རིགས་བཅུག་ཡོད་པ་བཅས་ཆ་ཚང་། གཙོ་བོ་རིག་གནས་དང་མི་རིགས་སྣ་ཚོགས་གཅིག་གྱུར་གྱིས་རྒྱ་རིགས་ཅན་དུ་བསྒྱུར་བཞིན་པ་འབུམ་རམས་པ་རྒྱལ་ལོ་ལགས་ནས་འགྲེལ་བརྗོད་གནང་གི་འདུག

བོད་མི་ཚོས་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་འདི་གལ་ཆེན་དུ་བརྩི་དོན་ནི། དུས་ད་ལྟ་ཡང་མུ་མཐུད་བོད་ནང་ཁོར་ཡུག་དང་ཤེས་ཡོན། སོ་སོ་ལ་བདག་པའི་ས་ཆ་སྲུང་སྐྱོབ་དང་བོད་མི་རིགས་ཀྱི་ངོ་བོ་གཅེས་འཛིན། བོད་མི་ཚོར་རྒྱ་ནག་གི་ཁྲིམས་ལུགས་ནང་འཁོད་པའི་ཐོབ་ཐང་སྟེ། ཐ་ན་རྒྱ་རིགས་ཚོར་དཀའ་ངལ་མེད་པར་སྤྲད་བཞིན་པའི་ཕྱི་བསྐྱོད་ལག་ཁྱེར་ཚུན་བོད་མིའི་ཐོག་བཀག་སྡོམ་བྱེད་པ་དང་། རྒྱ་རིགས་འགྲོ་བསྐྱོད་ཆོག་པའི་ས་ཁུལ་དུ་བོད་མི་འགྲོ་མི་ཆོག་པ་སོགས་ཀྱིས་མཚོན། མི་རིགས་འདྲ་མཉམ་ཡོང་དགོས་པའི་ཐོབ་ཐང་འཐབ་རྩོད་གནང་མཁན་བཅས་ཧ་ཅང་མང་པོ་བཙོན་ཁང་དུ་འཚུད་དང་ཚུད་བཞིན་པ་ཡིན་པས། བོད་མི་ཚོས་ལོ་རེ་བཞིན་བོད་ནང་རང་དབང་དགོས་པ་དང་ཁྱད་པར་དུ་འགྲོ་བ་མིའི་ཐོབ་ཐང་ལག་བསྟར་ཡོང་ཐབས་སུ། རྒྱལ་སྤྱིའི་གཞུང་སྒེར་ཚོགས་སྡེ་འདྲ་མིན་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བཅས་ལ་ཞུ་སྐུལ་དང་སྐད་འབོད་ཀྱི་ལས་འགུལ་རྒྱ་ཆེར་སྤེལ་གནང་གི་ཡོད་པ་རེད།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎