བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྙན་ཐོ་བཏོན་པ།
2016.02.19

དེ་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། འདས་བའི་སྤྱི་ལོ་ ༢༠༡༥ལོར་བོད་ནང་འགྲོ་བ་མིའི་ཐོབ་ཐང་སྤྱིའི་གནས་བབ་སྟུག་ཏུ་སོང་ཡོད་པའི་སྐོར་སྙན་ཐོ་འདོན་སྤེལ་གནང་ཡོད་པ་རེད།
དེ་ནི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། ལོ་ལྟར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབས་སྐོར་ཞིབ་འཇུག་གི་སྙན་ཐོ་འདོན་སྤེལ་གནང་སྲོལ་ཡོད་པ་ལྟར། འདི་ཚེས་༡༩ཉིན་བཞུགས་སྒར་རྡ་རམ་ས་ལར་གསར་འགོད་ལྷན་ཚོགས་ཞིག་སྐོང་ཚོགས་གནང་པའི་ཐོག ༢༠༡༥ལོར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་འདོན་སྤེལ་གནང་ཡོད་པ་རེད།
འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་ཚོ་མོ་ལགས་ཀྱིས། ད་ལྟ་བར་ཞིབ་འཇུག་བྱས་པ་བརྒྱུད། བོད་ནང་ཆབ་སྲིད་བཙོན་པའི་གྲངས་འབོར་༢༠༨༡དང་། དེའི་ཁྲོད་གྲྭ་བཙུན་ཆབ་སྲིད་བཙོན་པ་༩༦༧ཡོད་པ་ཤེས་རྟོགས་ར་སྤྲོད་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༥ལོ་གཅིག་པོར་རྒྱ་ནག་གཞུང་ནས་འཛིན་བཟུང་བྱས་ཏེ་ཁྲིམས་བཅད་ཕོགས་པའི་བོད་མི་ཆབ་སྲིད་བཙོན་པ་༦༨ཆགས་ཡོད་པ་གསལ་འདོན་གནང་འདུག
འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཚེ་རིང་རྒྱལ་ལགས་ཀྱིས། ལྟེ་གནས་ཁང་གིས་ངོས་འཛིན་ལྟར་ན། ད་བར་བོད་ནང་བོད་དོན་ཆེད་རང་ལུས་མེར་བསྲེགས་ཀྱི་ཞི་རྒོལ་གནང་མཁན་མི་གྲངས་༡༤༣བྱུང་ཡོད་པ་དང་། ཕྱི་ལོ་༢༠༡༤ཟླ་༩ནས་༢༠༡༥བར་དུ། རང་ལུས་མེར་བསྲེགས་གནང་མཁན་མི་གྲངས་༡༢བྱུང་ཡོད་པ་དང་། ༢༠༡༥ལོའི་ནང་མི་གྲངས་༧བྱུང་ཡོད་པ་སོགས་གསུངས་འདུག
གོང་གསལ་སྙན་ཐོ་དེ་བཞིན་ཆོས་དད་རང་དབང་དང་། མི་སྒེར་གྱི་རང་དབང་། རང་བྱུང་ཁོར་ཡུག་གི་གནས་སྟངས། སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་གི་གནད་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནས་སྟངས་བཅས་སྡེ་ཚན་ལྔ་རུ་དབྱེ་ཡོད་པ་རེད།
ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། གསར་འགོད་ལྷན་ཚོགས་ཐོག་སྙན་ཐོ་འདོན་སྤེལ་གནང་པའི་སྐབས། འགྲོ་བ་མིའི་ཐོབ་ཐང་གི་ཆ་ནས་བོད་ནང་ཆོས་དད་རང་དབང་གི་གནས་སྟངས་དེ་ཆེས་ཇེ་སྡུག་དང་། ཛ་དྲག་གི་གནས་བབས་སུ་སླེབས་ཡོད་པ་དང་། དེ་ཡང་༢༠༡༥ལོར། རྒྱ་ནག་གཞུང་ནས་བོད་ནང་ཆོས་དད་རང་དབང་ལ་དམ་དྲག་གི་ཁྲིམས་སྒྲིག་མང་པོ་བཟོས་སྟེ། བོད་མིའི་ཆོས་དང་རིག་གཞུང་ཡུལ་སྲོལ་གཤིས། སྐད་ཡིག་སོགས་རྩ་བརླག་དུ་འགྲོ་ཉེན་ཆེ་བའི་གནས་སྟངས་སུ་ལྷུང་ཡོད་པ་གསལ་འདོན་གནང་འདུག
འགྲོ་བ་མིའི་ཐོབ་ལྟེ་གནས་ཁང་གིས་སྙན་ཐོ་དེ་བཞིན་བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག་བཅས་སྐད་ཡིག་གསུམ་གྱི་ཐོག་འདོན་སྤེལ་གནང་ཡོད་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།
ཞིབ་ཕྲའི་གནས་ཚུལ་འདི་གའི་བཞུགས་སྒར་གྱི་གསར་འགོད་པ་བློ་བྷེ་ཡིས་ས་གནས་ནས་བཏང་བར་གསན་རོགས།