འཛམ་གླིང་གི་ཡུལ་གྲུ་གང་སར་བོད་དོན་ལས་འགུལ་སྣ་མང་སྤེལ་འདུག
2017.12.11
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་འཛམ་གླིང་གི་ཡུལ་གྲུ་མང་པོར་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོས་བོད་དོན་ལས་འགུལ་སྤེལ་འདུག
དེ་ཡང་ཕྱི་ཟླ་༡༢ ་ཚེས་ ༡༠ ་ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་རྒྱ་གར་དང་། ཨ་རི། དབྱིན་ཡུལ། ནེའུ་ཛི་ལན་ཊི། ཐེ་ཝན། ཉི་ཧོང་སོགས་འཛམ་གླིང་ཡུལ་གྲུ་མང་པོ་ཞིག་ཏུ་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོས་བོད་དོན་ལས་འགུལ་རིཊ་འདྲ་མིན་སྤེལ་ཡོད་པ་རེད།
ཉི་ཧོང་གི་རྒྱལ་ས་ཐོ་ཁེའོ་རུ་བོད་དོན་ཆེད་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བའི་ཁྲོད་བོད་མི་དང་ཡུ་གུར། ལྷོ་སོག ཉི་ཧོང་བོད་དོན་རྒྱབ་སྐྱོར་བ་བཅས་ལྷན་འཛོམ་ཐོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་དང་། རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་། ལྷོ་སོག་བཅས་སུ་བཀག་སྡོམ་ནན་མོའི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པར་སེམས་འཚབ་ཤུགས་ཆེར་ཡོད་པ་གསལ་འདོན་གནང་འདུག
ཡང་ཐེ་ཝན་གྱི་རྒྱལ་ས་ཐེ་པེའི་རང་དབང་ཐང་ཆེན་དུ། བོད་མི་དང་ཐེ་ཝན་ཡུལ་མི་བཅས་འདུ་འཛོམ་གྱིས་༧གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ངོ་ ༢༨ འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོའི་ཐོག་མར་བཀའ་ཤག་གི་གསུང་བཤད་སྒྲོག་སྦྱངས་གནང་བ་དང་། ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་གལ་གནད་དང་ཤུགས་རྐྱེན་སོགས་ཀྱི་སྐོར་གཏམ་བཤད་གནང་ཡོད་འདུག
ཡང་ས་གནས་ནས་དབང་འདུས་ཚེ་རིང་ལགས་ཀྱིས་གནས་ཚུལ་བཏང་བ་ལྟར་ན། ནེའུ་ཛི་ལན་ཊིར་གནས་བཞུགས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གློད་བཀྲོལ་གཏོང་དགོས་བའི་དགོས་འདུན་གཙོ་བོ་བྱས་ནས་ཨོག་ལན་གྲོང་སྡེ་ཚོགས་ཁང་གི་ཉེ་འཁྲིས་སུ་བོད་དོན་ལས་འགུལ་སྤེལ་ཡོད་པ་དང་། དེ་བཞིན་ནེའུ་ཛི་ལན་ཊིའི་བོད་ཀྱི་གྲོགས་པོ་ཚོགས་པས་ནེའུ་ཛི་ལན་ཊིའི་སྲིད་བློན་གཞོན་པ་དང་ཕྱི་སྲིད་བློན་ཆེན་ལ་རྒྱ་ནག་གི་དབུ་ཁྲིད་དང་མཉམ་བོད་དོན་དང་པཎ་ཆེན་རིན་པོ་ཆེའི་སྐོར་གླེང་སློང་དགོས་བའི་འབོད་སྐུལ་ཡི་གེ་འབུལ་ཡོད་པ་རེད་འདུག
གསར་འགོད་པ་རྡོ་རྗེ་མཚོ།