རྒྱ་ནག་གི་ཧཱ་ཝེ་ཨ་རིས་མིང་ཐོ་ནག་པོའི་ནང་བཅུག་ནས་ཐོན་རྫས་ཉོ་ཚོང་ཐད་དམ་དྲག་ཆེན་པོ་བཟོས་པ།
2019.05.16
ཨ་རིའི་སྲིད་འཛིན་གྱིས་དམིགས་བསལ་སྐུ་དབང་བེད་སྤྱད་ནས་རྒྱ་ནག་གི་ཧཱ་ཝེ་(Huawei)འཕྲུལ་རིག་བཟོ་ལས་མཁེ་གཉེར་ཁང་ཨ་རིས་མིང་ཐོ་ནག་པོའི་ནང་བཅུག་ནས་ཐོན་རྫས་ཉོ་ཚོང་ཐད་དམ་དྲག་ཆེན་པོ་བཀེལ་ཡོད་པ་རེད།
རྒྱ་ནག་གི་ཧཱ་ཝེ་(Huawei)ཞེས་པའི་འཕྲུལ་ལས་བཟོ་ཚོང་ཁང་ལ་ཨ་རིིའི་སྲིད་འཛིན་ཌོ་ནཱལཌ་ཏྲམཔ་(Donald Trump)མཆོག་གིས། ཨ་རིའི་ནང་ཚོང་ལས་གཉེར་ཕྱོགས་ཐད་བཀག་བསྡོམས་ཀྱི་བཀོད་ཁྱབ་གནང་ཡོད་ཅིང་། རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་ནས་ཨ་རིའི་སྲིད་འཛིན་མཆོག་གི་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེའི་ཚོང་ལས་བཀག་བསྡོམས་བྱས་པ་དེས་ ཡུལ་གྲུ་གཉིས་དབར་གྱི་ཚོང་འབྲེལ་ལ་དོ་ཕོགས་ཆེ་རུ་འགྲོ་ཉེན་ཡིིན་པའི་ཉེན་བརྡ་བཏང་འདུག
རེས་གཟའ་ལྷག་པའི་ཉིན་ཨ་རིའི་སྲིད་འཛིན་(Donald Trump)མཆོག་གིས་སྲིད་འཛིན་གྱི་སྐུ་དབང་བེད་སྤྱད་དེ། རྒྱ་ནག་གི་ཧཱ་ཝེ་(Huawei)་འཕྲུལ་ལས་བཟོ་ཚོང་ཁང་གིས་བཟོས་པའི་འཕྲུལ་ཆས་རིགས་ཀྱིས་ཨ་རིའི་རྒྱལ་ནང་བདེ་འཇགས་ལ་ཉེན་ཚབས་བཟོ་བཞིན་ཡོད་པའི་རྒྱུ་མཚན་གྱི་ཐོག་ནས། ཨ་རིའི་ནང་རྒྱ་ནག་གི་ཧཱ་ཝེ་(Huawei)འཕྲུལ་ལས་བཟོ་ཚོང་ཁང་གིས་བཟོས་པའི་འཕྲུལ་ལས་བེད་སྤྱོད་དང་། ཉོ་སྒྲུབ་བཀག་བསྡོམས་བྱེད་རྒྱུའི་བརྡ་ཁྱབ་གནང་ཡོད་པར་མ་ཟད། ཨ་རིའི་འཕྲུལ་རིག་བཟོ་ལས་ཁང་ཁག་གིས་རྒྱ་ནག་གི་ཧྭ་ཝེ་འཕྲུལ་ལས་བཟོ་ཚོང་ལས་ཁང་ལ་ཚད་མཐོའི་འཕྲུལ་རིགས་ཀྱི་ཆ་ཤས་ཚོང་བསྒྱུར་བྱ་ཕྱོགས་ཐད་དམ་དྲག་ཤུགས་ཆེ་བཀེལ་འདུག
ཨ་རིའི་སྲིད་འཛིན་མཆོག་གིས་གོང་གསལ་བཀོད་ཁྱབ་གནང་པའི་རྗེས་ ཨ་རིའི་ཚོང་ལས་ལས་ཁུངས་ཀྱིས། ཧཱ་ཝེ་(Huawei)བཟོ་ཚོང་ལས་ཁང་དེ་ཐོ་གཞུང་ནག་པོའི་གྲས་སུ་བཅུགས་སྟེ། ཨ་རིའི་ནང་གི་ཚོང་ལས་ཁང་ཁག་གིས་རྒྱ་ནག་གི་ཧཱ་ཝེ་བཟོ་ཚོང་ཁང་གི་འཕྲུལ་ཆས་ཅ་དངོས་ཡོངས་རྫོགས་ནང་འདྲེན་ཉོ་སྒྲུབ་བྱེད་ས་མེད་པ་བཟོས་ཡོད་འདུག
ཧྭ་ཝེ་ནི་རྒྱ་ནག་ནང་གི་འཁྲུལ་རིག་བཟོ་ཚོང་ལས་ཁང་ཆེ་ཤོས་དེ་ཡིན་ཞིང་། འཛམ་གླིང་ནང་རིམ་པ་ལྔ་པའི་དྲ་རྒྱའི་ལས་འཆར་ཐད་མདུན་བསྐྱོད་བྱ་མཁན་གྱི་འཕྲུལ་རིག་བཟོ་ཚོང་ལས་ཁང་ཆེ་ཤོས་དེ་ཡང་ཡིན་པ་རེད། ཨ་མི་རི་ཀས་བཟོ་ཚོང་ལས་ཁང་དེའི་ཐོག་དམ་དྲག་ཇི་སྙེད་ཅིག་བཀེལ་བ་དེས་འཛམ་གླིང་སྤྱི་ཡོངས་ལ་ཤུགས་རྐྱེན་ཆེན་པོ་འབྱུང་སྲིད་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
རེས་གཟའ་ཕུར་བུའི་ཉིན། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་ནག་གི་ཚོང་དོན་ལྷན་ཁང་གི་མགྲིན་ཚབ་པ་གྷའོ་ཧྥེང་(Gao Feng)་གིས། ཨ་རི་གཞུང་ནས་དབང་ཡོད་དང་སྡིགས་རའི་བྱ་སྤྱོད་སོགས་ཀྱིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཐབས་སྣ་ཚོགས་བྱེད་བཞིན་ཡོད་པ་དེས། རྒྱ་ནག་དང་ཨ་རི་དབར་དཔལ་འབྱོར་གྱི་འབྲེལ་བ་དང་། ཚོང་དོན་གྱི་གྲོས་མོལ་ལ་གནོད་ཚབས་ཆེན་པོ་གཏོང་བཞིན་ཡོད་པ་རེད་ཅེས་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་ཐོག་ཨ་རིར་སྐྱོན་བརྗོད་བྱས་པ་དང་ཆབས་ཅིག་ཕྱོགས་ཕན་ཚུན་གྱི་ཚོང་འབྲེལ་ལམ་ཐད་དོ་ཕོགས་ཆེ་རུ་མི་ཡོང་བའི་སླད། ཨ་རི་གཞུང་ནས་ནོར་འཁྲུལ་ལ་ཡོ་སྲང་བྱ་དགོས་པའི་ཉེན་བརྡ་ཡང་བཏང་འདུག
རྒྱ་ནག་གི་ཧཱ་ཝེ་(Huawei)བཟོ་ཚོང་ལས་ཁང་དང་འབྲེལ་ཆགས་ཀྱི་གནས་ཚུལ་ནང་། སྔ་ལོ་ཨ་རི་གཞུང་གི་འབོད་སྐུལ་འོག་ཁེ་ཎ་ཌའི་གཞུང་ནས་(Huawei)བཟོ་ཚོང་ལས་ཁང་གི་དངུལ་རྩིས་སྤྱི་ཁྱབ་འགན་འཛིན་ མང་ཝང་ཀྲུ་(Meng Wangzhou)་དོ་དམ་འཛིན་བཟུང་བྱས་པའི་རྗེས། དེའི་ཡ་ལན་དུ་རྒྱ་ནག་གཞུང་ནས་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས་ཁེ་ཎ་ཌའི་མི་སེར་གཉིས་ལ་གསང་བ་རྐུ་ཁྱེར་བྱས་ལུགས་ཀྱི་ཉེས་མིང་འོག་དོ་དམ་བཀག་ཉར་བྱས་ཡོད་ཅིང་། རེས་གཟའ་ཕུར་བུའི་ཉིན་ཁོང་གཉིས་ལ་ཁྲིམས་ཐོག་ནག་ཉེས་བཙུགས་སྟེ་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད།