བཀའ་ཁྲི་དང་ཧི་མ་ཅའི་མངའ་སྡེའི་སྤྱི་ཁྱབ་མཇལ་འཕྲད།

བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་ནས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་མཇལ་འཕྲད་གནང་འདུག

2012.05.08

༄༅༎བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་ནས་ རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པེ་རེམ་ཀུ་མའར་རྡུ་མལ་དང་ཁ་སང་ཕྱི་ཚེས་ ༧ ཉིན་མཇལ་འཕྲད་གནང་སྟེ་ སིམ་ལ་ཁུལ་དང་ སོ་ལན་ས་ཁུལ་དུ་གནས་སྡོད་བོད་མི་ཚོར་རྒྱབ་སྐྱོར་ཡོང་བའི་རེ་འདུན་ཞུས་གནང་འདུག་ལ། དམིགས་བསལ་ཉེ་ཆར་ཧི་མ་ཅལ་མངའ་སྡེའི་གཞུང་གིས་ རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་སྔ་ལོ་ཚུར་ཕུ་བླ་བྲང་ནས་ཕྱི་རྒྱལ་གྱི་དངུལ་འབོར་ཆེ་ཐོན་པའི་གྱོད་གཞི་དང་འབྲེལ་བ་རྩ་བ་ནས་མེད་པ་གཙང་བཟོས་གནང་པར་ཐུགས་རྗེ་ཆེ་ཞུས་གནང་འདུག།
དུས་ཡུན་སྐར་མ་ ༤༥ རིང་གི་མཇལ་འཕྲད་དེའི་སྐབས་བཀའ་བློན་ཁྲི་པ་མཆོག་གིས་ ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལ་ སིམ་ལའི་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་ཀྱི་ཉེ་འགྲམ་དུ་གནས་པའི་བོད་མི་ཚོའི་དཀའ་ངལ་དང་ཁོང་ཚོ་གནས་སྤོ་བྱ་ཡུལ་དང་ཁོང་ཚོའི་འཚོ་ཐབས་གཉེར་ཕྱོགས་སྐོར་སོགས་གསལ་བཤད་དང་བཀའ་བསྡུར་ཞུས་ཡོད་འདུག་ལ།  དེ་བཞིན་སིམ་ལའི་ཕྱོགས་གཞན་དུ་གནས་པའི་བོད་མི་ཚོ་དང་ དེ་བཞིན་སོ་ལན་ས་ཁུལ་དུ་གནས་པའི་བོད་མི་ཚོའི་དཀའ་སྡུག་སྙན་སེང་ཞུས་གནང་པ་དང་སྦྲགས། ཁོང་ཚོའི་དཀའ་ངལ་གང་མགྱོགས་སེལ་རྒྱུར་དགོངས་བཞེས་ཡོང་བའི་འབོད་སྐུལ་ཡང་ཞུས་གནང་འདུག།
མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་ མངའ་སྡེའི་གཞུང་གི་ངོས་ནས་ བོད་མི་ཚོར་འདས་པའི་ལོ་ངོ་ ༥༠ རིང་མཐུན་རྒྱུར་རོགས་རམ་གནང་པ་ལྟར། མུ་འཐུད་བོད་མིའི་བདེ་དོན་ཐད་རོགས་རམ་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་བོད་མིའི་སྒྲིག་འཛུག་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག།
དེ་ནས་བཀའ་བློན་ཁྲི་པ་མཆོག་ནས་ སིམ་ལ་ ཀུ་སུམཔ་ཏི་ས་ཁུལ་དུ་ཡོད་པའི་བོད་མིའི་གཞིས་ཆགས་དབྱངས་ཅན་དགའ་ཚལ་གླིང་དུ་གནས་སྡོད་བོད་མི་ཚོར་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ བོད་མིའི་འཐབ་རྩོད་ཀྱི་ངོ་བོ་སྲ་བརྟན་རྒྱུན་འཁྱོངས་བརྟན་པོ་ཡོང་ཐབས་སུ་གཟིགས་ཏེ་ སྔ་ལོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་༧སྐུ་དབང་ཡོངས་རྫོགས་རྩིད་སྤྲོད་གནང་པའི་དགོངས་དོན་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་སོགས་སྐོར་འགྲེལ་བརྗོད་གནང་ཞིང༌། བཀའ་ཤག་གི་གསར་གཏོད་དང༌། རང་ཁ་རང་གསོ། ཆིག་སྒྲིལ་བཅས་ཀྱི་ལྟ་གྲུབ་འོག་ཕྱག་ལས་གནང་ཕྱོགས་གསལ་བཤད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎