ཚེས ༡༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་ཡས་མས་ནས་འབྲི་ཆུའི་ཆུ་ཚད་ཇེ་ཆུང་དུ་ཕྱིན་ཡོད་འདུག

ཆབ་མདོ་འཇོ་མདའ་སྤོ་ལུ་ས་ཁུལ་དུ་རི་ཉིལ་ནས་འབྲི་ཆུ་འགག་པའི་ཡུལ་དངོས། ༢༠༡༨།༡༠།༡༡
ཆབ་མདོ་འཇོ་མདའ་སྤོ་ལུ་ས་ཁུལ་དུ་རི་ཉིལ་ནས་འབྲི་ཆུ་འགག་པའི་ཡུལ་དངོས། ༢༠༡༨།༡༠།༡༡ (བོད་འབྱོར།)

0:00 / 0:00

༄༅། །འདི་ག་རླུང་འཕྲིན་ཁང་ལ་འབྱོར་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཚེས ༡༡ ཉིན་གྱི་ཞོགས་པར་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་དང་འཇོ་མདའ་རྫོང་སྤོ་ལོ་ཡུལ་ཚོའི་ས་མཚམས་ཀྱི་འབྲི་ཆུའི་ཁུག་མགོ་ཞིག་ཏུ་རི་ཉིལ་ས་རུད་ཀྱི་རང་བྱུང་གནོན་འཚེ་བྱུང་ནས་ཉེ་འགྲམ་གྱི་ཁང་པ་བསྣུབས་པ་མ་ཟད། འབྲི་ཆུའི་བཞུར་རྒྱུན་འགག་ནས་ཆུ་བཞུར་མ་ཐུབ་པར་འཁྱིལ་ནས་འབྲི་ཆུའི་ཆུ་ཚད་ཇེ་མཐོར་སོང་ནས་འབྲི་ཆུའི་འགྲམ་རྒྱུད་ཀྱི་བོད་མིའི་གྲོང་སྡེ་དང་ས་ཞིང་སོགས་ལ་གནོད་འཚེ་ཆེན་པོ་ཐེབས་ཡོད་པ་དང་། ཚེས ༡༢ ཉིན་རང་བྱུང་གི་གས་ཁ་བྱུང་ནས་འབྲི་ཆུ་བཞུར་ཐུབ་ཡོད་མོད། འོན་ཀྱང་ཚེས ༡༣ ཉིན། བོད་ལྗོངས་ཆབ་མདོ་སྨར་ཁམས་རྫོང་དང་དཀར་མཛེས་འབའ་ཐང་རྫོང་གཉིས་ཀྱི་འབྲེལ་མཚམས་ས་ཁུལ་གྱི་འབྲི་ཆུའི་ཆུ་ཚད་ཇེ་མཐོར་སོང་ནས། འབྲི་ཆུའི་འགྲམ་རྒྱུད་ཀྱི་གྲོང་ཚོ་གྲོད་པ་ལུང་གི་བོད་མིའི་ས་ཞིང་དང་སྡོད་ཁང་ལ་གནོད་འཚེ་ཚབས་ཆེན་ཕོག་ཡོད་པ་རེད། དེ་ཡང་འབྲེལ་ཡོད་མི་སྣ་ཞིག་གིས་འདི་ག་རླུང་འཕྲིན་ལ་ཚེས ༡༣ ཉིན་གྱི་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན། ཆབ་མདོ་སྨར་ཁམས་རྫོང་ཁོངས་ཀྱི་འབྲི་ཆུའི་འགྲམ་རྒྱུད་ཀྱི་ཟམ་པ་དང་གཞུང་ལམ་སོགས་ལའང་གནོད་འཚེ་ཚབས་ཆེན་པོ་ཐེབས་ཡོད་འདུག ཡིན་ན་ཡང་། དགའ་དགོས་པའི་གནས་ཚུལ་ཞིག་ལ། ཚེས ༡༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་ཡས་མས་ནས་འབྲི་ཆུའི་ཆུ་ཚད་ཇེ་ཆུང་དུ་ཕྱིན་ཡོད་འདུག
རི་ཉིལ་ས་རུད་ཀྱི་རང་བྱུང་དོན་རྐྱེན་གྱི་རྐྱེན་གྱིས་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་དང་འཇོ་མདའ་རྫོང་སྤོ་ལོ་ཡུལ་ཚོའི་བོད་མིའི་ས་ཞིང་དང་སྡོད་ཁང་། རྩྭ་ར། ཟམ་པ། གཞུང་ལམ་བཅས་ལ་གནོད་འཚེ་ཆེན་པོ་ཐེབས་ཡོད་པས། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འབའ་ཐང་དང་། སྡེ་རོང་། དེ་བཞིན་ཆབ་མདོ་སྨར་ཁམས་རྫོང་བཅས་ཀྱི་འབྲི་ཆུའི་སྨད་རྒྱུད་དུ་ཡོད་པའི་བོད་མི་ཚོ་ཉེན་ཁ་གཡོལ་རྒྱུའི་ཆེད་དུ་ས་སྒང་མཐོ་སར་ཉེན་གཡོལ་སོང་ཡོད་པས་ད་སྔ་མིའི་ཚེ་སྲོག་ཤོར་བའི་གནས་ཚུལ་བྱུང་མེད་ཀྱང་། རྒྱུ་དངོས་ལ་གནོན་འཚེ་ཆེན་པོ་ཐེབས་ཡོད་འདུག
ཟླ་འདིའི་ཚེས ༡༡ ཉིན་རི་ཉིལ་ས་རུད་ཀྱི་རང་བྱུང་དོན་རྐྱེན་གྱིས་འབྲི་ཆུའི་བཞུར་རྒྱུན་འགག་སྟབས། འབྲི་ཆུ་འབབ་རྒྱུན་གྱི་ཟམ་པ་དང་གཞུང་ལམ་ཁག་ལ་གནོན་འཚེ་ཕོག་ནས་འགྲིམ་འགྲུལ་བཀག་ཡོད་པས། ཁམས་དཀར་མཛེས་རྫོང་འབའ་ཐང་ནས་བོད་ལྗོངས་ཆབ་མདོའི་བར་གྱི་གཞུང་ལམ་ཆད་ཡོད་སྟབས་ད་ལྟ་སྡེ་དགེ་རྫོང་བསྐོར་ནས་འགྲོ་དགོས་པ་རེད་འདུག

གསར་འགོད་པ་སྟག་ལྷ་རྒྱལ།