ཡང་བསྐྱར་ཧོང་ཀོང་གི་དམངས་གཙོའི་སྲིད་དོན་པ་ཞིག་གིས་སྲིད་དོན་ནང་ཞུགས་རྒྱུ་མཚམས་འཇོག་བྱས་འདུག

ཉེ་ཆར་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞིའི་འོག་ཉེས་འཛུགས་བྱས་བའི་དམངས་གཙོའི་སྲིད་དོན་པ་ཞིག་གིས་ཁོང་ཧོང་ཀོང་གི་དམངས་གཙོ་ཚོགས་པ་ཙམ་མ་ཟད་སྲིད་དོན་གྱི་ལས་ཀ་བྱེད་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་འདུག

ཧོང་ཀོང་གི་སྲིད་དོན་པ་དང་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་(Gary Fan)་ལགས། ༢།༢༨།༢༠༡༨ AFP

ཉེ་ཆར་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞིའི་འོག་ཉེས་འཛུགས་བྱས་བའི་དམངས་གཙོའི་སྲིད་དོན་པ་ཞིག་གིས་ཁོང་ཧོང་ཀོང་གི་དམངས་གཙོ་ཚོགས་པ་ཙམ་མ་ཟད་སྲིད་དོན་གྱི་ལས་ཀ་བྱེད་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་འདུག
ཧོང་ཀོང་གི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་(Gary Fan)་ལགས་ཀྱི་རྒྱབ་སྐྱོར་བ་རྣམས་ཀྱིས་འདི་ཚེས་༢༤་རེས་གཟའ་ཟླ་བ་ཉིན་ངོ་དེབ་(Facebook)་གསལ་བསྒྲགས་སྤེལ་ནས། ཁོང་གིས་སླད་ཕྱིན་སྲིད་དོན་གྱི་ཤུགས་རྐྱེན་བེད་སྤྱོད་བྱེད་རྒྱུ་མིན་པ་མ་ཟད། ཧོང་ཀོང་གི་འོས་བསྡུ་ཁག་གི་ནང་ཡང་བཞེངས་རྒྱུ་མིན་པའི་སྐོར་བཀོད་གནང་ཡོད་པ་རེད། ཧོང་ཀོང་གི་(Neo Democrats)་ཞེས་བའི་དམངས་གཙོའི་སྲིད་དོན་ཚོགས་པ་དེའི་ཚོགས་མི་ཟུར་པ་སྐུ་ཞབས་(Gary Fan)་ཡིས། ཁོང་གི་མི་ཚེའི་མཐའ་མཇུག་གི་དུས་སྐབས་དེ་ནད་ཀྱིས་མནར་བཞིན་པའི་རང་གི་བཟའ་ཟླ་དང་བུ་མོ་མཉམ་དུ་བསྐྱེལ་རྒྱུའི་ཐུགས་འདོད་ཡོད་པའི་སྐོར་དང་། ཚོགས་པའི་འགན་འཁུར་ཞུ་མ་ཐུབ་པ་དེར་དགོངས་སེལ་ཞུས་ཡོད་པ་རེད།
ཁོང་ནི་ཧོང་ཀོང་ས་གནས་གཞུང་གི་ནང་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་གསར་པ་བཀོད་འདོམས་བྱས་པ་ནས་བཟུང་། དེ་སྔོན་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་སྤེལ་མཁན་མི་སྣ་༤༧་ཡིས་ཧོང་ཀོང་གྲོས་ཚོགས་ཀྱི་མི་འགྲོ་འདེམས་རྒྱུའི་ལས་དོན་ནང་ཞུགས་པར་ཉེས་འཛུགས་ཕོག་མཁན་གྲས་ཡིན་པ་རེད།
གོང་ཞུས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་སྤེལ་མཁན་མི་སྣ་༤༧་ལས་མི་སྣ་༣༦་ཁ་སྔོན་ཕྱི་ཟླ་གཉིས་པའི་ཚེས་༢༨་ཉིན་དོ་དམ་བཙོན་འཇུག་བྱས་ཡོད་པ་དང་། མི་སྣ་༡༡་དངུལ་གཏའ་མ་བཞག་པའི་ཐོག་གློད་གྲོལ་བཏང་ཡོད་པ་རེད་འདུག གཞན་ཡང་ཧོང་ཀོང་གཞུང་གིས་ཧོང་ཀོང་གི་གཞུང་གི་མི་སྣ་རྣམས་རྒྱ་ནག་ལ་ལ་ཞེན་ཡོད་པའི་དམ་བཅའ་ལེན་པའི་ཆ་རྐྱེན་གསར་བཟོ་བྱེད་པ་ནས་བཟུང་། ཧོང་ཀོང་ས་གནས་གཞུང་གི་མི་སྣ་༣༠་སྐོར་ཞིག་གིས་རང་གི་ལས་གནས་ནས་དགོངས་ཞུ་གནང་བའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org