འདས་པའི་བོད་དང་མ་འོངས་པའི་ཧོང་ཀོང་གི་གནས་སྟངས་མཚུངས་བསྡུར་གྱི་དཔྱད་རྩོམ་སྤེལ་འདུག
རྒྱ་ནག་གཞུང་གིས་སྔར་བོད་ནང་དམ་དྲག་དང་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱས་པ་བཞིན་རིམ་པས་ཧོང་ཀོང་ནང་ལག་བསྟར་བྱ་རྒྱུའི་རྟགས་མཚན་ཡོད་པའི་ཆེད་རྩོམ་སྤེལ་འདུག
ཧོང་ཀོང་དེ་བཞིན་ད་ཆ་རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཚུད་པར་བརྟེན། རྒྱ་ནག་གཞུང་གིས་སྔར་བོད་ནང་དམ་དྲག་དང་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱས་པ་བཞིན་རིམ་པས་ཧོང་ཀོང་ནང་ལའང་ལག་བསྟར་བྱ་རྒྱུའི་རྟགས་མཚན་གསལ་པོ་མཐོང་རྒྱུ་ཡོད་པ་ཧོང་ཀོང་ནང་བཅའ་བཞུགས་ཆབ་སྲིད་ཚན་རིག་པ་ སཡི་མོན་ཞེན་ Simon Shen གྱིས་ཕྱི་ཟླ་ ༡ ཚེས་ ༢༩ དཔྱད་རྩོམ་སྤེལ་བའི་ནང་བཀོད་འདུག
ཆབ་སྲིད་ཚན་རིག་པ་ སཡི་མོན་ཞེན་(Dr Simon Shen)གྱིས། ད་ལྟའི་ཧོང་ཀོང་ནི་འདས་པའི་བོད་ཀྱི་གནས་སྟངས་ཀྱི་བྲག་ཅ་(Hong Kong's Present Echoes Tibet's Past)ཞེས་འགོ་བརྗོད་དུ་འཁོད་པའི་ཆེད་རྩོམ་ཞིག་(Diplomat)ཞེས་པའི་དབྱིན་ཡིག་དུས་དེབ་སྟེང་སྤེལ་ཡོད་པ་དེའི་ནང་། ཆེད་རྩོམ་དེའི་ནང་རྒྱ་ནག་གཞུང་ནས་ཧོང་ཀོང་ས་གནས་ཀྱི་སྤྱི་ཚོགས་དང་ཆབ་སྲིད་ཁྲོད། ཕྱོགས་གང་ས་ནས་འགྱུར་བ་གཏོང་བཞིན་ཡོད་པ་དེ་ནི། རྒྱ་ནག་གཞུང་གིས་ཧོང་ཀོང་ས་གནས་ཀྱི་བདག་དབང་རྩིས་ལེན་ཐེངས་གཉིས་པ་བྱས་པ་དང་ཁྱད་མེད་ཡིན་ཚུལ་དང་། དེ་ལྟ་བུའི་སྲིད་ཇུས་ནི་སྔར་༡༩༥༩ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མིས་རང་དབང་སྒེར་ལངས་བྱས་པའི་ལས་འགུལ་སྐབས་དང་། ཡང་༢༠༡༩ལོའི་ནང་ཧོང་ཀོང་ནང་མང་ཚོགས་ཀྱི་དྲག་ཟིང་གི་ལས་འགུལ་ཁྲོད་དམ་དྲག་དང་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱས་པ་གཅིག་མཚུངས་ལྟ་བུ་ཡིན་པ་གསལ་འདོན་གནང་འདུག
ད་དུང་ཆེད་རྩོམ་དེའི་ནང་། ༡༩༥༡ལོར་རྒྱ་དམག་གིས་བོད་ནང་བཙན་འཛུལ་བྱས་པའི་རྗེས་གྲོས་མཐུན་དོན་ཚན་༡༧ཟེར་བ་བཞག་པའི་འོག བོད་ལ་རང་སྐྱོང་གི་གནས་བབ་སྤྲད་དེ་བོད་དབང་བསྒྱུར་བྱས་པའི་ལོ་རྒྱུས་དང་། རྒྱ་ནག་གིས་ཧོང་ཀོང་གི་བདག་དབང་རྩིས་ལེན་བྱས་པའི་སྐབས། ཧོང་ཀོང་ས་གནས་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཞེས་ཚད་མཐོའི་རང་སྐྱོང་གི་གནས་བབ་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། དོན་དངོས་སུ་རྒྱ་ནག་གིས་བོད་ལ་རང་སྐྱོང་གི་གནས་བབ་སྤྲོད་རྒྱུའི་ཁས་ལེན་ལ་བརྩི་མེད་བཏང་བ་ལྟར། ཧོང་ཀོང་ནང་དུའང་རིམ་བཞིན་རྒྱ་ནག་དམར་པོའི་གཞུང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་དང་སྲིད་ཇུས་ལག་བསྟར་བྱེད་སྒོ་ཚུགས་ནས་ད་ཆ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྒྲོམ་གཞི་ནུས་མེད་དུ་གཏོང་བཞིན་ཡོད་པ་སོགས་གསལ་འདོན་བྱས་ཡོད་འདུག