ཧོང་ཀོང་གི་དཔེ་དེབ་ཚོང་གཉེར་བ་ཀོས་ལ་རྒྱ་ནག་གིས་ལོ་བཅུའི་ཁྲིམས་ཐག་བཅད་འདུག

ཧོང་ཀོང་གི་དཔེ་དེབ་ཚོང་གཉེར་བ་ཀོས་མེན་ཧེ་(Gui Minhai) ༼ཟླ་ཚེས་མི་གསལ
ཧོང་ཀོང་གི་དཔེ་དེབ་ཚོང་གཉེར་བ་ཀོས་མེན་ཧེ་(Gui Minhai) ༼ཟླ་ཚེས་མི་གསལ (མཐུན་འགྱུར་པར་རིས།/RFA)

0:00 / 0:00

ཧོང་ཀོང་གི་དཔེ་དེབ་ཚོང་གཉེར་བ་ཀོས་མེན་ཧེ་ལ་རྒྱ་ནག་གི་ཁྲིམས་ཁང་ཞིག་གིས་ཁྲིམས་འགལ་གྱིས་ཕྱི་ཕྱོགས་གསང་བ་མཁོ་སྤྲོད་བྱས་ཚུལ་གྱི་ཉེས་འཛུགས་བྱས་ནས་ལོ་བཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
སི་ཝེ་ཌན་གྱི་རྒྱལ་ཁོངས་མི་སེར་ཡིན་པའི་ཀོས་མེན་ཧེ་(Gui Minhai)་ཕྱི་ལོ་༢༠༡༥་ལོར་ཐེ་ལན་ཊའི་ནས་གུང་གསེང་དུ་ཡོད་སྐབས་བོར་བརླག་ཕྱིན་པ་དང་། རྗེས་སུ་རྒྱ་ནག་གཞུང་གིས་བཀག་ཉར་བཙོན་འཇུག་བྱས་བ་ཤེས་རྟོགས་བྱུང་འདུག
ཁོང་གིས་དེ་སྔོན་ཧོང་ཀོང་ཐོ་ལོ་ཝན་དུ་དཔེ་ཁང་ཚོང་གཉེར་བྱས་ཏེ་རྒྱ་ནག་དམར་ཤོག་གཞུང་གི་མགོ་ཁྲིད་ཚོའི་སྒེར་གྱི་འཚོ་བའི་སྐོར་གྱི་དཔེ་དེབ་སོགས་ཆབ་སྲིད་དང་འབྲེལ་བའི་རྒྱ་ནག་གིས་བཀག་སྡོམ་བྱས་པའི་དཔེ་དེབ་ཚོང་འགྲེམ་བྱེད་མཁན་ཞིག་ཡིན་པ་དང་། དཔེ་དེབ་ཚོང་ཁང་དེའི་ཚོང་བདག་མི་ལྔ་རྒྱ་ནག་གིས་སྔ་རྗེས་སུ་འཛིན་བཟུང་བཀག་ཉར་བྱས་ཡོད་ཀྱང་། གཞན་རྣམས་རྗེས་སུ་གློད་གྲོལ་བཏང་ཡོད་ནའང་སྐུ་ཞབས་ཀོས་མེན་ཧེ་རྒྱ་ནག་ཏུ་ད་ལྟའི་བར་བཀག་ཉར་བྱས་ཡོད་པ་རེད།
འགྲོ་བ་མིའི་ཐོབ་ཐང་ཚོགས་པས་བཅད་ཁྲ་དེར་སྐྱོན་བརྗོད་དྲག་པོ་བྱས་ནས་དེ་ནི་ཁུངས་ལུངས་མེད་པའི་སྐྱོན་འཛུགས་ཡིན་ཚུལ་གྱིས་ཁོང་མྱུར་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།
རྒྱ་ནག་ཉིན་པོ་གྲོང་ཁྱེར་འབྲིང་རིམ་ཁྲིམས་ཁང་གིས་ཁྲིམས་ཞིབ་སྐབས། ཁོང་གི་རྒྱ་ནག་གི་རྒྱལ་ཁོངས་མི་སེར་ཐོབ་ཐང་ཕྱི་ལོ་༢༠༡༨་ལོར་བསྐྱར་གསོ་བྱས་ཚུལ་དང་། རྒྱ་ནག་གིས་རྒྱལ་ཁོངས་གཉིས་ཀྱི་མི་སེར་གྱི་ཐོབ་ཐང་ངོས་ལེན་བྱེད་བཞིན་མེད་ཚུལ་བརྗོད་འདུག
སི་ཝེ་ཌན་གྱི་ཕྱི་སྲིད་བློན་ཆེན་(Ann Linde)་ནས་(twitter) ཐོག་རེས་གཟའ་མིག་དམར་ཉིན་ཀོས་མེན་ཧེ་ནི་ཡུལ་དེའི་མི་སེར་ཡིན། ང་ཚོར་ཞིབ་བཤེར་གྱི་གོ་སྐབས་སྤྲད་མེད། ང་ཚོས་སྐུ་ཞབས་ཀོས་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་གི་ཡོད་ཅེས་བརྗོད་འདུག
ཀོས་མེན་ཧེ་ནི་ཕྱི་ལོ་༡༩༦༤་ལོར་རྒྱ་ནག་ཀྲེ་ཅང་ནས་སྐྱེས་ཤིང་། ཕྱི་ལོ་༡༩༩༦་ལོར་སི་ཝེ་ཌེན་གྱི་མི་སེར་ནང་ཞུགས་པ་དང་། ཕྱི་ལོ་༢༠༡༤་ལོར་ཧོང་ཀོང་ནང་ཐོང་ལོ་ཝན་དཔེ་དེབ་ཚོང་ཁང་དེ་བདག་གཉེར་བྱས་བ་ཞིག་ཡིན་འདུག