ཧོང་ཀོང་གི་ནང་ཁྲིམས་བཟོ་ལྷན་ཁང་གི་འོས་བསྡུ་གནང་བ།
2015.11.22

༄༅༎སྔ་ལོ་༢༠༡༤ལོར་ ཧོང་ཀོང་ནང་མི་མང་ཁྲི་ཁྲག་མང་པོས་འོས་བསྡུའི་རང་དབང་དགོས་པའི་དགོས་འདུན་བཏོན་ནས་ཉིན་མ་མང་པོའི་རིང་ངོ་རྒོལ་སྤེལ་བའི་གནས་ཚུལ་བྱུང་བའི་རྗེས་དེ་རིང་རེས་གཟའ་ཉི་མའི་ཉིན་ཧོང་ཀོང་གི་རྫོང་ལས་ཁུངས་ཀྱི་ཁྲིམས་བཟོ་ལྷན་ཁང་གི་འཐུས་མིའི་འོས་བསྡུ་ཐེངས་དང་པོ་དེ་གནང་ཡོད་པ་དང་། མི་མང་ཁྱོན་ཆེས་འོས་བསྡུའི་ཆ་ཤས་ལེན་པའི་གནས་ཚུལ་ཐོན་བཞག དེ་ཡང་ཧོང་ཀོང་གི་རྫོང་༡༨ལ་ ཁྲིམས་བཟོ་ལྷན་ཁང་གི་འཐུས་མི་༤༣༡ཡི་ས་ཞབས་སྟེགས་ཡོད་པ་དང་། ཞབས་སྟེགས་དེ་དག་ཆེད་འོས་བསྡུའི་འགྲན་བསྡུར་ནང་ཞུགས་མཁན་འོས་མི་ཁྱོན་བསྡོམས་༩༠༠ཙམ་ཡོད་འདུག ད་ལྟའི་ཆར་རྫོང་ལས་ཁུངས་ཀྱི་ ཁྲིམས་བཟོ་ལྷན་ཁང་གི་འཐུས་མི་ཕལ་ཆེ་བ་རྒྱ་ནག་དང་མཐུན་ཕྱོགས་ཀྱི་ཆབ་སྲིད་བལྟ་བ་འཛིན་མཁན་ཤ་སྟག་ཡིན་པ་རེད། འོས་བསྡུའི་གྲུབ་འབྲས་དེ་རིང་རེས་གཟའ་ཉི་མའི་ཕྱི་དྲོ་ཐོན་རྒྱུ་ཡིན་པ་དང་། འོས་བསྡུའི་མཇུག་འབྲས་ཀྱི་ཐོག་ནས་ལོ་རྗེས་མ་ཧོང་ཀོང་གི་དབུ་ཁྲིད་ཀྱི་རྒྱལ་ཡོངས་འོས་བསྡུ་གནང་སྐབས་ཁ་ཕྱོགས་ག་པར་འགྲོ་ཡི་ཡོད་མེད་ཤེས་རྟོགས་ཡོང་རྒྱུ་ཡིན་པ་རེད༎
གསར་འགོད་པ་ཚེ་དབང་དངོས་གྲུབ།