ཧོང་ཀོང་ནང་ཕྱི་ལོ་གསར་ཚེས་ཀྱི་ཉིན་ངོ་རྒོལ་གྱི་ལས་འགུལ་མང་དག་ཅིག་སྤེལ་འཆར་ཡོད་པ།

ཧོང་ཀོང་གི་མང་གཙོའི་ངོ་རྒོལ་བྱེད་མཁན་རྣམས་ཀྱིས་ཕྱི་ལོ་གསར་བཞད་ཀྱི་སྔ་ནུབ་དང་ཕྱི་ལོ་གསར་ཚེས་ཉིན་དེར་ངོ་རྒོལ་གྱི་ལས་འགུལ་མང་དག་ཅིག་སྤེལ་རྒྱུའི་འཆར་གཞི་ཡོད་པ།

༢༠༡༩།༦།༡༥།ངོ་རྒོལ་ལས་འགུལ་གོ་སྒྲིག་གནང་མཁན་ཇི་མི་ ཤེམ་གྱིས་གསར་འགོད་ལྷན་ཐོག་བཀའ་མོལ་གནང་བཞིན་པ། ཨེ་ཨེཕ་པི།

ཧོང་ཀོང་མི་མང་གིས་སྤྱི་ཚོགས་དྲ་རྒྱའི་ཐོག་ཕྱི་ལོ་གསར་ཚེས་ཀྱི་སྔ་ནུབ་དང་།  ལོ་སར་ཚེས་གཅིག་ཉིན་ཧོང་ཀོང་གི་ Victoria Harbour ཞེས་པའི་མཚོ་ཁ་དང་།   མི་མང་གི་དངོས་ཆས་ཉོ་ཡུལ་ས་གནས་་ཁག་གི་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་པའི་བརྡ་ཁྱབ་བཏང་ཡོད་འདུག    ཕྱི་ལོ་གསར་བཞད་ཉིན་གྱི་ངོ་རྒོལ་གྱི་ལས་འགུལ་དེར་ཧོང་ཀོང་གྲོང་ཁྱེར་གྱི་སྐོར་སྲུང་བས་ཆོག་མཆན་སྤྲད་ཡོད་པ་དང་།     ངོ་རྒོལ་གྱི་ལས་འགུལ་དེ་མི་མང་ཕོན་ཆེ་འདུ་འཛོམས་བྱེད་ཡུལ་ Causeway Bay ཞེས་པ་དང་གྲོང་ཁྱེར་གྱི་དབུས་ཕྱོགས་རྫོང་ནང་སྤེལ་རྒྱུའི་འཆར་གཞི་ཡོད་པ་རེད།  ངོ་རྒོལ་གྱི་ལས་འགུལ་དེ་གོ་སྒྲིག་གནང་མཁན་གྲས་སྐུ་ཞབས་ Jimmy Sham ཡིས། ཕྱི་ལོ་གསར་བཞད་ཀྱི་ཉིན་དེར་ང་ཚོས་གཞུང་ལ་ངོ་རྒོལ་བྱེད་རྒྱུའི་ཆོད་སེམས་དེ་སྟོན་དགོས་ཆགས་ཡོད།
ང་ཚོའི་རེ་བར་ཧོང་ཀོང་གི་མ་འོངས་མདུན་ལམ་གྱི་ཆེད་མི་མང་མང་པོ་ཕེབས་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་འདུག    ཧོང་ཀོང་ནང་མི་མང་གིས་དམངས་གཙོ་་དང་།  རང་དབང་ཆེད་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ད་ཆ་ཟླ་བ་བདུན་ཕྱིན་ཡོད་པ་དང་།  ད་ལྟའི་ཆར་མི་མང་གི་ངོ་རྒོལ་གྱི་ལས་འགུལ་དེ་སྔོན་བཞིན་རྣོ་ངར་དང་།    མི་མང་མང་པོ་མཉམ་ཞུགས་བྱེད་ཀྱི་མེད་ནའང་ ངོ་རྒོལ་གྱི་ལས་འགུལ་བ་མཚམས་ཆད་མེད་པ་མ་ཟད།  ཉིན་ལྟར་གྲོང་ཁྱེར་དེའི་ས་གནས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ་མུས་ཡིན་པ་རེད།    ཁ་སྔོན་ཕྱི་ཟླ་དྲུག་པ་ནས་ད་བར་ངོ་རྒོལ་བྱེད་མཁན་མི་མང་ཉིས་སྟོང་ལྷག་ལ་རྨས་སྐྱོན་བྱུང་ཡོད་པ་དང་།  སློབ་ཕྲུག་གཅིག་གི་ཚེ་སྲོག་ཤོར་བ།  གཞན་མང་པོ་ཞིག་ངོ་རྒོལ་གྱི་ལས་འགུལ་དང་འབྲེལ་བའི་ཐོག་རང་སྲོག་བཅད་པའི་གནས་ཚུལ་བྱུང་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org