ཧོང་ཀོང་སློབ་ཕྲུག་མཐུན་ཚོཊ་ཀྱི་འཐུས་མི་པེ་ཅིན་ལ་གཏོང་རྒྱུ།
2014.11.14
གནམ་ཐང་ནས་ཕྱིར་སློག་བྱས་ཚེ་པེ་ཅིན་གཞུང་གིས་ཧོང་ཀོང་མི་མང་གི་འབོད་སྒྲར་ཞེད་སྣང་བྱེད་ཀྱི་ཡོད་པ་མཚོན་ཐུབ་ཟེར།
དེ་ཡང་དེ་རིང་སློབ་ཕྲུག་ཚོགས་པ་དང་འཐུས་མིའི་སྐུ་ཚབ་སོ་སོས་གསལ་བསྒྲགས་སྤེལ་བའི་ནང་ཧོང་ཀོང་སློབ་ཕྲུག་མཐུན་ཚོགས་ཀྱིས་ད་རེས་པེ་ཅིན་དུ་ཆེད་གཏོང་བྱ་རྒྱུའི་སློབ་ཕྲུག་གི་འཐུས་མི་གསུམ་ནི། སློབ་ཕྲུག་མཐུན་ཚོགས་ཀྱི་འགོ་ཁྲིད་གྲས་ཀྲའུ་ཡུང་ཁང་དང་། ལོའོ་ཀོན་ཚུང་། ཀྲུང་དབྱོག་ཧའ་བཅས་ཡིན་ཞིང་། ཁོང་གསུམ་ཕྱི་ཟླ་བཅུ་གཅིག་པའི་ཚེས་༡༥ཉིན་པེ་ཅིན་དུ་མཁའ་ལམ་བརྒྱུད་མཐོན་རྒྱུ་འཆར་གཞི་ཡོད་པ་དང་། པེ་ཅིན་དུ་བསྐྱོད་ཡས་གཙོ་བོ་རྒྱ་ནག་གི་སྲིད་བློན་ལིའི་ཁའ་ཇང་དང་། རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་འགོ་ཁྲིད་ཚོ་དང་ཐུགས་འཕྲད་ཡོང་ཐབས་ཀྱིས་ཧོང་ཀོང་ནང་དོན་དང་ལྡན་པའི་འོས་བསྡུའི་ལམ་ལུགས་སྤེལ་རྒྱུའི་དགོས་འདུན་བཏོན་རྒྱུའི་ཆེད་དུ་ཡིན་པ་ཧོང་ཀོང་སློབ་ཕྲུག་མཐུན་ཚོགས་ཀྱི་འཐུས་མི་ཀྲའུ་ཡུང་ཁང་གིས་བརྗོད་འདུག གལ་སྲིད་ཁོང་གསུམ་གནམ་ཐང་ནས་ཕྱིར་སློག་བྱས་ཚེ་པེ་ཅིན་གཞུང་གིས་ཧོང་ཀོང་མི་མང་གི་འབོད་སྒྲར་ཞེད་སྣང་བྱེད་ཀྱི་ཡོད་པ་དེ་མཚོན་ཐུབ་རྒྱུ་ཡིན་པར་བརྟེན་མ་འོངས་ཧོང་ཀོང་ནང་ངོ་རྒོལ་གྱི་གནས་སྟངས་དེ་བས་ཚབས་ཆེ་རུ་འགྲོ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད། དེ་དང་འབྲེལ་ཧོང་ཀོང་སློབ་ཕྲུག་མཐུན་ཚོགས་ཀྱིས་ཀྱང་དེའི་སྐོར་གསར་འགོད་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པའི་ནང་། ད་རེས་སློབ་ཕྲུག་གི་འཐུས་མི་པེ་ཅིན་དུ་གཏོང་རྒྱུར་དམིགས་ཡུལ་གཉིས་ཡོད་པ་དང་། གཅིག་ནི་ཧོང་ཀོང་ནང་གི་མི་མང་གི་བསམ་ཚུལ་དངོས་རྒྱ་ནག་གི་དཔོན་རིགས་ཚོར་བཏོན་རྒྱུ་དང་། གཉིས་པ་ནི་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ཀྱི་ཤུགས་རྐྱེན་ཧོང་ཀོང་ནང་ཤུགས་ཆེ་རུ་གཏོང་བཞིན་པར་ངོ་རྒོལ་གྱི་རྣམ་འགྱུར་མཚོན་ཐབས་ཆེད་ཡིན་ལུགས་དང་། གསལ་བསྒྲགས་དེའི་ནང་ད་དུང་། ད་རེས་ཧོང་ཀོང་སློབ་ཕྲུག་མཐུན་ཚོགས་ཀྱི་འཐུས་མི་རྒྱ་ནག་ནང་ཆེད་གཏོང་བྱ་དགོས་དོན་དེ་ཐབས་ལམ་གཞན་མེད་པར་བརྟེན་ནས་གཏོང་དགོས་བྱུང་བ་ཞིག་ལས་རྒྱ་ནག་དབུས་གཞུང་གི་དབང་འཛིན་ལ་ཁ་གཏད་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལ་གཏོར་བཤིག་གཏོང་ཐབས་སོགས་གང་ཡང་མིན་པའི་སྐོར་གསལ་བཤད་བྱས་འདུག དེ་དང་ཕྱོགས་མཚུངས་ཧོང་ཀོང་སློབ་ཕྲུག་མཐུན་ཚོགས་ཀྱིས། ཧོང་ཀོང་གི་ས་གནས་ཁག་གསུམ་ནང་རས་དར་ཐོག་ཧོང་ཀོང་མི་མང་གིས་ཧོང་ཀོང་གི་ཆབ་སྲིད་ལམ་ལུགས་ལ་འགྱུར་བཅོས་ཀྱི་རང་ཉིད་ཀྱི་བསམ་ཚུལ་བྲིས་པ་རྣམས་སློབ་ཕྲུག་གི་འཐུས་མི་གསུམ་ནས་རྒྱ་ནག་གི་དཔོན་རིགས་ལ་ཕུལ་རྒྱུ་ཡིན་པ་འཁོད་འདུག
གསར་འགོད་པ་འཆི་མེད།