ཧོང་ཀོང་དུ་༢༠༡༩ལོའི་ཨེ་ཤེ་ཡའི་རྩེད་འགྲན་ཚུགས་རེ།
ཧོང་ཀོང་དམིགས་བསལ་ས་གནས་གཞུང་གིས་ཕྱི་ལོ་ཉིས་སྟོང་བཅུ་དགུ་ལོའི་ཨི་ཤེ་ཡའི་རྩེད་འགྲན་ཧོང་ཀོང་ནང་ཚུགས་རྒྱུའི་རེ་བ་བྱེད་བཞིན་ཡོད་པ།
-
2009-12-14 -
-
-
༄༅༎ཧོང་ཀོང་དམིགས་བསལ་ས་གནས་གཞུང་གིས་ཕྱི་ལོ་ཉིས་སྟོང་བཅུ་དགུ་ལོའི་ཨི་ཤེ་ཡའི་རྩེད་འགྲན་ཧོང་ཀོང་ནང་ཚུགས་རྒྱུའི་རེ་བ་བྱེད་བཞིན་ཡོད་པ་རེད་
ཧོང་ཀོང་ནང་སྲིད་ལས་ཁང་གི་དྲུང་ཆེ་ཙང་ཏཀ་སིང་གིས་ཁོང་སྒེར་གྱི་ངོས་ནས་ཧོང་ཀོང་ནང་ཕྱི་ལོ་ཉིས་སྟོང་བཅུ་དགུ་ལོར་ཨི་ཤེ་ཡའི་ལུས་རྩལ་རྩེད་འགྲན་གྱི་མགྲོན་བདག་བྱེད་ཐུབ་རྒྱུར་ཡིད་ཆེས་གནང་གི་ཡོད་པ་དང་ཡིན་ནའི་ཧོང་ཀོང་མི་མང་ཚོས་དེའི་ཐོག་བསམ་ཚུལ་ག་རེ་ཡོད་མིན་དེ་ཉན་འཇོག་བྱ་རྒྱུ་གལ་འགངས་ཆེན་པོ་ཞིག་ཆགས་ཀྱི་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད་
ཁོང་གི་གོང་ཞུས་བཀའ་མོལ་དེ་བཞིན་ད་རེས་རྒྱ་ནག་གཞུང་གི་བཀོད་འདོམས་འོག་ཧོང་ཀོང་ནང་དུས་ཡུན་ཉིན་གྲངས་བཅུ་གཉིས་རིང་སྤེལ་བའི་ཤར་ཨི་ཤི་ཡའི་ལུས་རྩལ་རྩེད་འགྲན་དེ་མཇུག་སྒྲིལ་བ་དང་བསྟུན་ནས་གནང་བ་ཞིག་ཡིན་འདུག་ ཧོང་ཀོང་གི་དཔོན་རིགས་ཙང་ཏཀ་སིང་གིས་ཨར་ཨི་ཤེ་ཡའི་རྩེད་འགྲན་དེའི་ཐོག་རྩེད་འགྲན་རུ་ཁག་དགུ་དང་ལུས་རྩལ་རྩེད་འགྲན་རྣམ་གྲངས་༢༢ཡོད་པ་དང་རྩེད་འགྲན་དེ་ཧོང་ཀོང་ནང་སྤེལ་ཐུབ་པ་དེས་ཧོང་ཀོང་གི་ལུས་རྩལ་རིག་གནས་ཐོག་གི་རྒྱལ་ཁ་ཞིག་ཡིན་ལུགས་དང་རྩེད་འགྲན་དེ་ཧོང་ཀོང་ནང་མ་སྤེལ་སྔོན་ ཧོང་ཀོང་མི་མང་ཚོས་དེའི་ཐོག་དོ་སྣང་བྱ་མིན་ཐོག་ཧོང་ཀོང་དམིགས་བསལ་ས་གནས་གཞུང་ལ་སེམས་འཚབ་བྱུང་ཡོད་ན་ཡང་རྩེད་འགྲན་དངོས་སུ་སྤེལ་བའི་བརྒྱུད་རིམ་ནང་ཧོང་ཀོང་མི་མང་ཚོས་རྒྱབ་སྐྱོར་ཤུགས་ཆེ་གནང་ཏེ་མཉམ་བཞུགས་གནང་ཡོད་ཅིང་ལྷག་པར་དུ་ཆུ་རྐྱལ་འགྲན་རྩོད་དང་རྐང་རྩེད་སྤོ་ལོའི་འགྲན་རྩོད་སྤེལ་བའི་སྐབས་མི་གྲངས་ཁྲི་བཞི་ལྷག་བཤོངས་པའི་ཚོགས་ཁང་གི་འཛུལ་བཞུགས་ལག་འཁྱེར་ཡོངས་རྫོགས་ཚོང་ཐུབ་ཡོད་ལུགས་ལུང་འདྲེན་གནང་ནས་ཧོང་ཀོང་མ་འོངས་ཨི་ཤི་ཡའི་རྩེད་འགྲན་སྤེལ་ཐུབ་པའི་ནུས་པ་དང་ཧོང་ཀོང་མི་མང་གི་དོ་སྣང་དང་རྒྱབ་སྐྱོར་ཤུགས་ཆེ་ཡོད་པའི་སྐོར་གསལ་སྟོན་གནང་ཡོད་པ་རེད་ ཕྱི་ལོ་ཉིས་སྟོང་བཅུ་དགུ་ལོའི་ཨི་ཤེ་ཡའི་ལུས་རྩལ་རྩེད་འགྲན་གྱི་མགྲོན་བདག་ཡུལ་གྲུའི་ཐོབ་ཐང་འགྲན་བརྩོད་ནང་བཞུགས་མཁན་ཕི་ལི་པིན་གྱི་རྒྱལ་ས་མ་ནི་ལ་དང་ཐའེ་ལྦན་གྱི་རྒྱལ་ས་ཐའེ་བད་ དེ་བཞིན་དྲུ་སྦའེ་སོགས་ཡོད་པ་རེད་།