ཧོང་ཀོང་ཉེན་རྟོག་པས་བྱ་སྤྱོད་ལག་བསྟར་བྱ་རྒྱུའི་འཆར་གཞི།
2014.11.11
ཧོང་ཀོང་གི་ཉེན་རྟོག་པས་དམངས་གཙོའི་ལས་འགུལ་སྤེལ་ཡུལ་ཁག་གཙང་སེལ་བཟོ་རྒྱུར་བྱ་སྤྱོད་ལག་བསྟར་བྱ་རྒྱུའི་འཆར་གཞི་འཐེན་བཞིན་པ་རེད།
དེ་ཡང་ཧོང་ཀོང་གི་ཁྲིམས་ཁང་ནས་ཉེན་རྟོག་པར་ཧོང་ཀོང་ནང་དམངས་གཙོ་དོན་གཉེར་ཅན་ཚོས་ངོ་རྒོལ་ལས་འགུལ་སྤེལ་ཡུལ་ཁག་ཏུ་གཙང་སེལ་བཟོ་རྒྱུར་འགོག་རྐྱེན་བཟོས་ཚེ་བྱ་སྤྱོད་ངོ་མ་ལག་བསྟར་བྱ་དགོས་པའི་བཀའ་ཁྲོལ་གནང་བའི་རྗེས། ཧོང་ཀོང་གི་འགོ་ཁྲིད་གཞོན་པ་Carrie Lamཡིས་ཧོང་ཀོང་ས་གནས་སྲིད་གཞུང་དང་། ངོ་རྒོལ་ལས་འགུལ་སྤེལ་མཁན་ཕན་ཚུན་དབར་འགྲིག་འཇགས་གྲོས་མོལ་བྱ་རྒྱུའི་ཁོར་ཡུག་མེད་པའི་ཉེན་བརྡ་བཏང་སྟེ་ངོ་རྒོལ་བྱེད་མཁན་རྣམས་ངོ་རྒོལ་བྱེད་ཡུལ་ས་ཆ་ནས་ཁ་བྲལ་དགོས་པའི་ཛ་དྲག་གི་འབོད་སྐུལ་བྱས་ཡོད་པ་རེད། དེ་ཡང་ཁོང་གིས་གསུངས་པར། ཧོང་ཀོང་གི་ཉེན་རྟོག་པས་ཁྲིམས་ཁང་གི་བཀའ་ཁྱབ་དང་ལེན་བྱ་རྒྱུ་ཡིན་པ་མ་ཟད། ཧོང་ཀོང་ས་གནས་སྲིད་གཞུང་གིས་གལ་ཏེ་ཉེན་རྟོག་པས་བྱ་སྤྱོད་ལག་བསྟར་བྱ་དགོས་ངེས་ཀྱི་མཚམས་སུ་བྱ་སྤྱོད་ལག་བསྟར་བྱ་རྒྱུའི་འཆར་གཞི་ཡོད་ལ་ཉེན་རྟོག་པས་འབྲེལ་ཡོད་ཚོགས་པ་ཁག་དང་འབྲེལ་བཏུགས་བྱས་ཏེ་དགོས་ངེས་ལས་དོན་ཁག་མཐུས་ཚང་གྲ་སྒྲིག་བྱས་ཏེ་དུས་ཚོད་གང་མགྱོགས་ནང་བྱ་སྤྱོད་ལག་བསྟར་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། འོན་ཀྱང་ཁོང་གིས་བྱ་སྤྱོད་རྣམ་པ་གང་འདྲ་ཞིག་ལག་བསྟར་བྱ་རྒྱུ་ཡིན་མིན་དང་དུས་ཚོད་ཇི་ཙམ་བར་ལག་བསྟར་བྱ་རྒྱུའི་འཆར་གཞིའི་སྐོར་ཞིབ་ཕྲ་གང་ཡང་འགྲེལ་བརྗོད་བྱས་མེད་ལ་ཕེ་རན་སི་གསར་འགྱུར་ལས་ཁང་གིས་ཉེན་རྟོག་པར་གནས་ཚུལ་དེའི་སྐོར་འདྲི་རྩད་བྱེད་ཐབས་བྱས་ཀྱང་གནས་ཚུལ་གང་ཡང་ལན་འདེབས་བྱས་མེད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།