རྒྱ་གར་གཞུང་གིས་བོད་མིའི་ངལ་སེལ་ལས་དོན་ཆེད་རོགས་དངུལ་རྒྱབ་སྐྱོར།
2015.10.01

རྒྱ་གར་གཞུང་གིས་བོད་མིའི་ངལ་སེལ་ལས་དོན་ཆེད་རོགས་དངུལ་རྒྱབ་སྐྱོར།
དབུས་བོད་མིའི་སྒྲིག་འཛུགས་ལ་རྒྱ་གར་གཞུང་གིས་ཧིན་སྒོར་ས་ཡ་བཞི་བཅུ་རོགས་རམ་གནང་བ་ལ་ཐུགས་རྗེ་ཆེ་ཞུས་
༄༅།བཙན་བྱོལ་བོད་མིའི་ངལ་སེལ་ལས་དོན་ཆེད་རྒྱ་གར་གཞུང་གིས་ཧིན་སྒོར་ས་ཡ་བཞི་བཅུ་རོགས་རམ་གནང་བ་དེར་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང༌། དྲུང་ཆེ་འཁོར་ལ་ཚང་བསོད་ནམས་སྟོབས་རྒྱལ་ལགས་གཉིས་ཀྱིས་ཐུགས་རྗེ་ཆེ་ཞུས་གནང་འདུག དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་གསལ་ལ་གཞིགས་ན། རྒྱ་གར་ནང་སྲིད་ལྷན་ཁང་ནས་ཕྱི་ལོ་ ༢༠༡༥ ནས་ ༢༠༢༠ བར་ལོ་ལྔའི་རིང་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་འཛིན་སྐྱོང་ལས་དོན་ཆེད་ཁྱོན་བསྡོམས་ཧིན་སྒོར་བྱེ་བ་བཞི་བཅུ་རོགས་རམ་གནང་རྒྱུའི་ཞལ་བཞེས་གནང་བའི་ཁོངས་ནས་ཕྱི་ལོ་ ༢༠༡༥ ནས་ ༢༠༡༦ བར་གྱི་ལོ་གཅིག་གི་རོགས་རམ་ཧིན་སྒོར་ས་ཡ་བརྒྱད་ཉེ་ཆར་ལག་སོན་བྱུང་ཟིན་ཡོད་སྟབས། འདི་ཚེས་ ༡ ཉིན་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང༌། དྲུང་ཆེ་འཁོར་ལ་ཚང་བསོད་ནམས་སྟོབས་ལགས་གཉིས་ཀྱིས་རྒྱ་གར་གཞུང་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག རྒྱ་གར་གཞུང་གིས་གནང་བའི་རོགས་དངུལ་དེ་དག་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་འཛིན་སྐྱོང་ཁོ་ན་ལ་མ་གཏོགས། ལས་དོན་གཞན་གྱི་ཆེད་འགྲོ་སོང་རྩ་བ་ནས་གཏོང་རྒྱུ་མིན་པ་རྒྱ་གར་གཞུང་ལ་ཁས་ལེན་ཞུས་པ་ཡིན་ཅེས་གསུངས་འདུག།
གསར་འགོད་པ་ངག་དབང་ཆོས་འཕེལ།
དེ་བཞིན་ནང་སྲིད་བཀའ་བློན་མཆོག་ནས་རྒྱ་རི་སྒྲོལ་མ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་ཆེད་དུ་ཀར་ན་ཊ་ཀ་མངའ་སྡེ་གཞུང་གི་འབྲེལ་ཡོད་དཔོན་རིགས་ཁག་དང་མཇལ་འཕྲད་གནང་བཞིན་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎
གསར་འགོད་པ་པདྨ་དངོས་གྲུབ།