༸གོང་ས་མཆོག་གིས་ལ་དྭགས་གཞུང་དམངས་གཉིས་ནས་དཔལ་རྔམ་གཟེངས་རྟགས་དེ་དད་པ་དང་ཆོས་སེམས་བརྟན་པོའི་སྒོ་ནས་ཕུལ་བར་ཐུགས་རྗེ་ཆེ་གསུངས་གནང་སོང།

ཕྱི་ལོ་༢༠༢༢ཕྱི་ཟླ་༨པའི་ཚེས་༥ཉིན་སྟེ་ལ་དྭགས་ཀྱི་དཔལ་རྔམ་དུས་སྟོན་སྲུང་བརྩི་ཞུས་བའི་ཉིན་མོར་སྐུ་མགྲོན་གཙོ་བོར་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གདན་ཞུས་ཀྱིས་མགོན་པོ་གང་ཉིད་ལ་ལ་དྭགས་དཔལ་རྔམ་དུས་སྟོན་གྱི་གཟེངས་རྟགས་དེ་ཕུལ་སྐབས།མགོན་པོ་གང་ཉིད་ནས་བོད་དང་ཧི་མ་ལ་ཡའི་དབར་མཐུན་མོང་མ་ཡིན་པའི་འབྲེལ་བ་གཏིང་ཟབ་ཡོད་པ་དང་ལ་དྭགས་ནང་དམིགས་བསལ་ཆོས་ལུགས་འཆམ་མཐུན་དང་མཐུན་སྒྲིལ་ཡོད་པར་བསྔགས་བརྗོད་གནང་སོང་། ཡང་༸གོང་ས་མཆོག་གིས་དེང་སང་ལ་དྭགས་ཁུལ་དུ་དེ་སྔ་དང་བསྔུར་ན་སྔོ་ལྗང་གི་ཁོར་ཡུག་བཟང་དུ་ཕྱིན་ཡོད་པ་དང་མུ་མཐུད་ཚང་མས་ཁོར་ཡུག་ལ་དོ་སྣང་གནང་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སྩལ་གནང་སོང་།
སྤྱིར་དཔལ་རྔམ་དུས་སྟོན་དེ་ལ་དྭགས་གཞུང་དམངས་ནས་ཆོས་སྲིད་གཉིས་ཀའི་ཐད་སྤྱི་ཚོགས་ལ་ཞབས་ཞུ་གནང་མཁན་ལ་འབུལ་སྲོལ་འདུག་ལ་ད་ལན་གཟེངས་རྟགས་དེ་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་བ་ནི་ཁོང་གི་མཛད་པ་འཕྲིན་ལས་ལ་སུས་ཀྱང་བསྡུར་ཐབས་མེད་ན་ཡང་མགོན་པོ་གང་ཉིད་ནས་ད་རེས་ཀྱི་གཟེངས་རྟགས་འདི་བཞེས་པ་ལ་ལ་དྭགས་གླེ་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་ཀྱིས་ལ་དྭགས་གཞུང་དམངས་གཉིས་ཀའི་ངོས་ནས་ཐུགས་རྗེ་ཆེ་ཞུ་བ་དང་མགོན་པ་གང་ཉིད་མཆོག་ལ་དྭགས་སུ་མུ་མཐུད་སྦྱིན་རླབས་བསྐྱང་རྒྱུའི་སྐྱབས་འཇུག་ཞུས་གནང་སོང་།
ཡང་ལ་དྭགས་སུ་ཡོད་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས། ད་ལན་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་རྔམ་དུས་སྟོན་འབུལ་རྒྱུ་བྱུང་བ་དེའི་བརྒྱུད་ལ་དྭགས་གཞུང་དམངས་ཡོངས་ཀྱི་ཐོག་ནས་༧སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་།
སྤྱིར་ལ་དྭགས་དཔལ་རྔམ་དུས་སྟོན་ཟེར་བ་དེ་ལ་དྭགས་གཞུང་དམངས་ནས་ཕྱི་ལོ་༢༠༡༦ནས་མགོ་འཛུགས་ཀྱིས་ལོ་ལྟར་སྲུང་བརྩི་ཞུ་སྲོལ་ཡོད་ཅིང་དུས་སྟོན་དེ་དང་འབྲེལ་བའི་དམིགས་བསལ་གྱི་བརྗོད་གཞི་རེ་བདམས་ཀྱི་འདུག་པས་འདི་ལོའི་བརྗོད་གཞི་ནི་སེང་གེ་གཙང་པོ་ནི་ལ་དྭགས་ཀྱི་སྲོག་རྩ་ཡིན་ཞེས་པ་དེ་རེད་འདུག གཞི་རྩའི་སེང་གེ་གཙང་པོའི་འབྱུང་ཁུངས་ནི་བོད་ཡིན་པ་དང་ལ་དྭགས་ཡུལ་མི་ཚོའི་འཚོ་བའི་རྟེན་གཞི་གཙོ་བོ་ཞིག་རེད་འདུག ལ་དྭགས་བརྒྱུད་སེང་གེ་གཙང་པོ་དེ་པ་ཀི་ཐན་(Pakistan)ནང་རྒྱུག་གི་ཡོད་པ་རེད།
གཞན་ཡང་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ལ་དྭགས་ས་གནས་སུ་ཞབས་སོར་ཐེངས་༢༦འཁོད་ཡོད་པ་དང་མ་འོངས་སླར་ཡང་ཆིབས་སྒྱུར་བསྐྱང་རྒྱུའི་ཐུགས་འདོད་ཡོད་སྐོར་དང་རིང་མིན་ཕྱི་ཟླ་༨ཚེས་༡༠ཉིན་ལ་དྭགས་ལིང་ཤེད་དགོན་པའི་དབྱར་ཆོས་ཆེན་མོར་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག
གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།