ཐེ་ཝན་ནང་༧གོང་ས་མཆོག་གི་༧སྐུའི་འཁྲུངས་སྐར་སྔ་སྣུར་གྱིས་སྲུང་བརྩི་ཞུས་འདུག

ལོ་ལྟར་ཐེ་ཝན་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་འཁྲུངས་སྐར་གྱི་མཛད་སྒོ་གཞི་རྒྱ་ཆེ་བའི་ལམ་ནས་གོ་སྒྲིག་ཞུ་སྲོལ་ཡོད་ན་ཡང་། ཐེ་ཝན་ནང་ཏོག་དབྱིབས་ནད་ཡམས་ཀྱི་གནས་བབས་དང་འབྲེལ་ནས་མི་དམངས་འབོར་ཆེ་འདུ་འཛོམས་མི་ཆོག་པའི་དམ་དྲག་ཇི་སྙེད་ཅིག་ཡོད་པར་བརྟེན། འདི་ལོ་༧སྐུའི་འཁྲུངས་སྐར་སྔ་སྣུར་གྱི་ལམ་ནས་སྲུང་བརྩི་ཞུས་ཤིང་། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱིས་གོ་སྒྲིག་གནང་པའི་༧སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་གཙོ་ཆེ་ཐེ་ཝན་གཞུང་གི་གནད་ཡོད་དཔོན་རིགས་ཁག་ཅིག་དང་། རྒྱ་གར་དང་ཨ་རི། འཇར་མན་གཞུང་ཚབ་ཁང་གི་དཔོན་རིགས་མཐོ་གྲས་མཛད་སྒོའི་ཐོག་མཉམ་ཞུགས་གནང་ཡོད་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཐེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གསུངས་ན། ཆེས་མཐོའི་སྐུ་མགྲོན་རྣམ་པ་དང་དེ་མིན་ཆེད་དུ་གདན་འདྲེན་ཞུས་པའི་སྐུ་མགྲོན་རྣམ་པས་༧གོང་ས་མཆོག་ལ་དམིགས་བསལ་ཀྱི་དད་གུས་དང་ཡི་རངས་བསྔགས་བརྗོད་ཞུས་ཤིང་། ལྷག་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བསྐྱར་དུ་ཐེ་ཝན་ནང་ཆིབས་བསྒྱུར་ཐུབ་རྒྱུར་ངང་སྒུག་ཞུ་བཞིན་པའི་གཏམ་བཤད་གནང་འདུག
༧སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་ཐེ་ཝན་རིག་གཞུང་ལྷན་ཁང་གི་བློན་ཆེན་གཞོན་པ་དང་། དེ་སྔོན་ཐེ་ཝན་སྲིད་འཛིན་ལས་ཁུངས་ཀྱི་དྲུང་ཆེ། ཐེ་ཝན་སྲིད་བློན་ལས་ཁུངས་ཀྱི་དྲུང་ཆེ། ཐེ་ཝན་སྲིད་འཛིན་ཀྱི་སློབ་སྟོན་པ་གཙོ་གྲས་ ཆོ་ཡིབ་རིམ། ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་དྲུང་ཆེ་གཞོན་པ། ཐེ་ཝན་རིག་གཞུང་ལྷན་ཁང་གི་སྡེ་ཚན་ཁག་ཅིག་གི་འགན་འཛིན་རྣམ་པ་དང་། དེ་བཞིན་ཐེ་ཝན་ནང་བཅའ་བཞུགས་ཨ་རིའི་གཞུང་ཚབ་ཀྱི་ཆབ་སྲིད་སྡེ་ཚན་གྱི་འགན་འཛིན་། འཇར་མེ་ནི་གཞུང་ཚབ། རྒྱ་གར་གྱི་གཞུང་ཚབ་གཞོན་པ། ཐེ་ཝན་བོད་ཀྱི་ནང་བསྟན་མཐུན་ཚོགས་ཀྱི་སྐུ་ཚབ་སོགས་ཆེད་ཕེབས་གནང་ཐོག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་ཞུ་དང་། བཞུགས་ཁྲིར་མངའ་གསོལ་སྐབས་སྐུ་མགྲོན་རྣམ་པ་ཚོས་ཀྱང་དགའ་བསུའི་མཇལ་དར་ཕུལ་བ་སོགས་གནང་འདུག་ཅིང་། ད་རེས་མི་དམངས་ཁྱོན་ཆེ་འདུ་འཛོམས་ཀྱི་ཐོག་ནས་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་ཐུབ་མེད་ཀྱང་། ཆེས་མཐོའི་སྐུ་མགྲོན་མང་དག་ཞིག་ཆེད་ཕེབས་ཀྱི་ཐོག་ནས་སྲུང་བརྩི་ཞུས་གནང་པ་དེ་ནི་དམིགས་བསལ་ཅན་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།
༧སྐུའི་འཁྲུངས་སྐར་གྱི་མཛད་སྒོ་འདིའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་བརྩོམ་ཕྱོགས་བསྡུས་ཀྱི་ཕྱག་དེབ་ཉི་ཤུ་པ་དེ་ཡང་དབུ་འབྱེད་ཞུས་འདུག
མཛད་སྒོའི་ཐོག་ཆེད་ཕེབས་གནང་པ་ཐེ་ཝན་ཕྱི་སྲིད་ལས་ཁུངས་ཀྱི་བློན་ཆེན་གཞོན་པ་ ཏ་ན་ཀ་ཧི་ཀ་རུ་ལགས་ཀྱིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བདེ་སྐྱིད་དོན་དུ་གཉེར་རྒྱུར་གཞན་ཕན་དང་སྙིང་རྗེའི་ཉམས་ལེན་བྱེད་དགོས་པ་རྟག་ཏུ་ང་ཚོར་བཀའ་གནང་གི་ཡོད་ལ། གཞན་ཕན་དང་སྙིང་རྗེ་ནི་འཛམ་གླིང་ནང་གི་དཀའ་རྙོག་སེལ་བའི་ཐབས་ལམ་གལ་ཆེ་ཞིག་ཡིན་པ་བཀའ་གནང་གི་ཡོད། ང་ཚོ་ཐེ་ཝན་མི་དམངས་ཚོའི་སེམས་ནང་ཏཱ་ལའི་བླ་མ་མཆོག་ལ་དམིགས་བསལ་བློ་ཐག་ཉེ་པོ་ཡོད་པ་གསུངས་འདུག ཐེ་ཝན་ཕྱི་སྲིད་ལས་ཁུངས་ཀྱིས་བོད་མིའི་རང་ཐག་རང་གཅོད་དང་ཆོས་དད་རང་དབང་གི་ཐོབ་ཐང་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་པའི་ལངས་ཕྱོགས་བཟུང་བཞིན་ཡོད་པ་རེད།
ཐེ་ཝན་གཞུང་འཛིན་མང་གཙོ་ཡར་ཐོན་ཚོགས་པའི་དྲུང་ཆེ་གཞོན་པ་ Lin Feifan ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྟག་ཏུ་ང་ཚོ་དང་མཉམ་དུ་ཐེ་ཝན་ནང་བཞུགས་བཞིན་པའི་སེམས་ཚོར་ཞིང་བྱུང་བ་དང་། ཁོང་བསྐྱར་དུ་ཐེ་ཝན་ཕེབས་རྒྱུར་ཡིད་ཆེས་ཡོད་ཅེས་གསུངས་འདུག
འཁྲུངས་སྐར་སྲུང་བརྩིའི་སྐབས་བོད་དང་སོག་པོ་སོགས་ཡུལ་ལུང་མི་འདྲ་བའི་གཞས་སྣ་འཁྲབ་སྟོན་ཞུས་འདུག
གསར་འགོད་པ། གུ་རུ་ཆོས་སྐྱིད།
གསར་འགོད་པ། ཨི་ཝ་ཧྲི་ ཐཡེ་པེ། རྒྱ་སྐད་སྡེ་ཚན།