ཆོས་ལུགས་མཐུན་བསྒྲིལ་ཆེད་ཐུགས་སྨོན་གསོལ་འདེབས།


2016.10.15
ཆོས་ལུགས་མཐུན་བསྒྲིལ་ཆེད་ཐུགས་སྨོན་གསོལ་འདེབས་བསྩལ་གནང་མཛད་ཡོད་པ། ཕྱི་ཚེས་ ༡༤ ཉིན་སུད་སི་གྲོང་ཁྱེར་ཛུ་རིཀ་ནང་སུད་སི་བོད་རིགས་མི་དམངས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་ཞུགས་བསྟར་འབུལ་ཞུ་བཞིན་པ།
༧དཔལ་ལྡན་སྐུ་སྒེར་དྲ་གནས།


༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་ཕྱི་ཚེས་ ༡༥ ཉིན་སུད་སིའི་གྲོང་ཁྱེར་ཛུ་རིཀ་ནང་གི་ Grossmunster ཡེ་ཤུའི་ཆོས་ཁང་གི་ནང་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་ལྷན་ཆོས་ལུགས་མཐུན་བསྒྲིལ་ཆེད་ཐུགས་སྨོན་གསོལ་འདེབས་དང་། སྤྱི་ཚོགས་ནང་ཞི་བདེ་བརྟན་ལྷིངས་འབྱུང་རྒྱུར་འཚེ་མེད་ཞི་བ་ཐབས་ལམ་དང་གོ་ལའི་འགན་འཁུར་ནི་མེད་དུ་མི་རུང་བ་ཡིན་པའི་བརྗོད་གཞིའི་སྒོ་ནས་མང་ཚོགས་ལ་བཀའ་སློབ་བསྩལ་གནང་མཛད་འདུག།
འདི་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སུད་ཛར་ལེནཌ་ནང་གི་ཐེངས་འདིའི་མཛད་འཆར་མཐའ་མ་དེ་ཡིན་པ་དང་། དེ་རིང་ཡེ་ཤུའི་ལྷ་ཁང་དེའི་ནང་མི་དམངས་ཆིག་སྟོང་ལྔ་བརྒྱ་ཙམ་ཡོད་འདུག་པ་དེའི་ཁོངས་སུ། ཛུ་རིཀ་མངའ་སྡེའི་གཙོ་འཛིན་དང་། ཛུ་རིཀ་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་དང་གྲོང་ཁྱེར་གྱི་འཐུས་མི་འགའ་ཤས་ཀྱང་ཆེད་བཅར་ཞུས་ཡོད་འདུག།  འདིའི་གོང་སུད་སིའི་རྒྱ་ནག་གཞུང་ཚབ་ཁང་ནས་ཛུ་རིཀ་གྲོང་ཁྱེར་དང་ Bern གྲོང་ཁྱེར་གྱི་དཔོན་རིགས་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་ན་འགྲིག་མིན་གྱི་ཉེན་བརྡ་བཏང་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བྱམས་པ་དང་བརྩེ་སེམས། བཟོད་སྲན་སོགས་ཀྱི་འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་ཚང་མའི་གཅིག་འགྱུར་གྱི་བསླབ་བྱ་ཡིན་པ་དང་། བསླབ་བྱ་དེ་དག་གི་ཐོག་ནས་འཛམ་གླིང་ནང་གི་མི་ཐེར་འབུམ་མང་པོར་ཕན་ཐོགས་ཡོང་གི་ཡོད་པ་བཀའ་གནང་ཞིང་། ཆོས་ལུགས་དེ་དག་གི་རྩ་འཛིན་གྱི་དམིགས་ཡུལ་ནི་མི་བཟང་པོ་ཞིག་དང་སྤྱི་ཚོགས་བཟང་པོ་ཞིག་བཟོ་རྒྱུ་དེ་དག་ཡིན་ན་ཡང་། དེང་སྐབས་འཛམ་གླིང་ནང་ཆོས་ལུགས་ཀྱི་མིང་གི་ཐོག་ནས་མི་བཟོས་ཁྲག་སྦྱོར་གྱི་ལས་གཞི་རྩོམ་བཞིན་པ་དེ་དག་ནི་ཆོས་ལུགས་དེ་དག་གི་བསླབ་བྱ་དང་ཡོངས་འགལ་བ་ཞིག་ཡིན་སྟབས། དྲག་སྤྱོད་སྤེལ་མཁན་དེ་དག་ནི་ཆོས་ལུགས་གང་གི་ཡང་རྗེས་འབྲང་མིན་པ་གསལ་བཤད་གནང་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་ ༡༢ ཉིན་སུད་ཛར་ལེན་ཌིའི་ Bern གྲོང་ཁྱེར་ཞབས་སོར་འཁོད་མཛད་པ་དང་། དེ་ཕྱོགས་སུ་ཉིན་གྲངས་གསུམ་རིང་གི་མཛད་འཕྲིན་གྲུབ་རྗེས། ཕྱི་ཚེས་ ༡༤ ཉིན་གྲོང་ཁྱེར་ཛུ་རིཀ་ཏུ་ཞབས་སོར་འཁོད་གནང་མཛད་ཅིང་། ཛུ་རིཀ་ཏུ་ཆོས་འབྲེལ་གསུང་ཆོས་དང་སུད་སི་བོད་རིགས་མི་དམངས་ནས་བརྟན་ཞུགས་བསྟར་འབུལ་ཞུས་པ། དེ་རིང་ཆོས་ལུགས་མཐུན་བསྒྲིལ་ཆེད་ཀྱི་ཐུགས་སྨོན་གསོལ་འདེབས་དང་བླང་དོར་གྱི་བཀའ་སློབ་སོགས་ཀྱི་མཛད་འཆར་གྲུབ་རྗེས། སྐར་མ་འགའ་ཤས་སྔོན་ Slovakia འི་རྒྱལ་ས་ Bratislava ར་ཆིབས་ཞལ་བསྒྱུར་གནང་མཛད་ཡོད་པ་རེད།།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎