༸གོང་ས་མཆོག་ཞི་བདེ་ལྷན་ཚོགས་སུ་ཆིབས་བསྒྱུར་གནང་རྒྱུ།
2011.02.27
༄༅༎ཨ་རིའི་ནེའུ་ཛར་སིའི་མངའ་སྡེའི་གྲོང་ཁྱེར་ནེ་ལྦག་གི་སྤྱི་ཁྱབ་སྐུ་ཞབས་ཀོ་རི་ཨེ་བུ་ཀར་གྱིས་གསོལ་འདེབས་ལྟར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་༥་པའི་ནང་གྲོང་ཁྱེར་ནེ་ལྦག་ནང་ཞི་བདེ་ལྷན་ཚོགས་ཤིག་ལ་ཆིབས་བསྒྱུར་གྱིས་སློབ་ཕྲུག་གི་གཙོས་མང་ཚོགས་ལ་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་སྐོར་བཀའ་སློབ་བསྩལ་གནང་རྒྱུ་ཡིན་འདུག
Tibetpost.comཞེས་པའི་བོད་གནས་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་དོན་ལ་ ༧སྤྱི་ནོར་༧གོང་ས་མཆོག་ཕྱི་ཟླ་༥་པའི་ཚེས་༡༣་ནས་༡༥་བར་སྐྱངས་རྒྱུའི་ Newark Peace Education Summit འམ་ནེ་ལྦག་ཞི་བདེའི་ཤེས་ཡོན་ལྷན་ཚོགས་ཞེས་པའི་ཚོགས་མགོན་དུ་ཕེབས་ཀྱི་ཡོད་པ་དང་ ལྷན་ཚོགས་འདིའི་ཐོག་༧སྤྱི་ནོར་༧གོང་ས་མཆོག་གི་གཙོས་ གཞན་ཡང་འཛམ་གླིང་ཞི་བདེའི་བྱ་དགའ་བཞེས་མཁན་ཨི་རན་གྱི་བེུད་ཁྲིམས་རྩོད་པ་ཤེ་རིན་ཨི་སྦ་རྡི་དང་ ཨ་རིའི་ཞི་བདེའི་ལས་འགུལ་བ་ཇོ་གྲི་ལྦི་ལིམསེ་སོགས་ཕྱི་ནང་གི་གནས་ཡོད་མི་སྣ་མང་པོ་ཞིག་ཕེབས་ཀྱི་ཡོད་པ་དང་ ཉིན་གསུམ་གྱི་ལྷན་ཚོགས་དེའི་ཐོག་གཙོ་བོ་སློབ་ཕྲུག་ཚོར་མི་ཚེའི་ནང་སྤྱི་སྒེར་གྱི་དཀའ་ངལ་གང་ཡོད་འཚེ་མེད་ཞི་བདེའི་ཐོག་ནས་སེལ་ཐབས་བྱ་དགོས་པའི་སྐོར་ལམ་སྟོན་བཀའ་སློབ་གནང་རྒྱུའི་མཛད་འཆར་གོ་སྒྲིག་ཞུ་བཞིན་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད༎