༸གོང་ས་མཆོག་ལ་སུད་སིའི་བོད་རིགས་མི་མང་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་མཛད་འཆར་ཡོད་འདུག

2024.08.14
༸གོང་ས་མཆོག་ལ་སུད་སིའི་བོད་རིགས་མི་མང་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་མཛད་འཆར་ཡོད་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
OHHDL

ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༨ ཚེས་ ༢༣ ཉིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རི་ནས་སུད་སིར་ཆིབས་སྒྱུར་དང་འབྲེལ། སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་མི་མང་ནས་ཇི་ལྟར་གསོལ་འདེབས་ཞུས་བ་བཞིན། ཕྱི་ཟླ་༨་ཚེས་༢༥་ཉིན་སུད་སིའི་ཛུ་རིག་ཏུ་རྟེན་གཞི་བྱས་པའི་(Hallenstadion) ཚོགས་ཁང་དུ། མ་ཎིའི་ལུང་གནང་རྒྱུ་དང་སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་མི་མང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་ཞིག་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་རིམ་ཡོད་སྐོར། སུད་སི་དོན་གཅོད་དང་། སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ངོས་ནས་གསལ་བསྒྲགས་སྤེལ་ཡོད་པ་བཞིན། སུད་སི་སྐུ་ཚབ་དོན་གཅོད་ལས་ཁང་གི་འབྲེལ་མཐུད་པ་ཕུན་ཚོགས་སྟོབས་རྒྱལ་ལགས་ཀྱིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྤྱི་ཟླ་༨ཚེས་༢༣ཉིན་སུད་སིར་ཞབས་སོར་འཁོད་ཀྱི་ཡོད་པ་དང་། གོ་སྐབས་དེ་དང་བསྟུན་ནས་སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་མི་མང་ནས་ཇི་ལྟར་གསོལ་འདེབས་ཞུས་བ་བཞིན། ཕྱི་ཟླ་༨་ཚེས་༢༥་ཉིན་༧གོང་ས་མཆོག་གིས་སུད་སིའི་ཛུ་རིག་ཏུ་དད་ལྡན་མི་མང་ལ་མ་ཎིའི་བཀའ་ལུང་སྩལ་གནང་རྒྱུ་དང་། དེ་ནས་སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་མི་མང་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་མཛད་རིམ་ཡོད་ལ། ཚེས་༢༦ཉིན་༧གོང་ས་མཆོག་རྒྱ་གར་ལ་ཆིབས་གནང་གི་ཡོད་པ་སོགས་ངོ་སྤྲོད་གནང་བ་མ་ཟད། སྤྱིར་སུད་སིར་བོད་མི་གཙོས་དད་ལྡན་པ་མང་པོ་ཡོད་པའི་ཐོག་ཡོ་རོབ་ཀྱི་ཡུལ་གྲུ་ཁག་མང་པོ་ནས་བརྟན་བཞུགས་ཆེད་ཕེབས་མཁན་མང་པོ་ཡོད་པར་བརྟེན་ཆོས་འབྲེལ་དང་བརྟན་བཞུགས་བསྟར་འབུལ་གནང་ཡུལ་དུ་མི་གྲངས་ཁྲི་གཅིག་ལྷག་འཛོམས་ཐུབ་སའི་ཛུ་རིག་གི་(Hallenstadion)་ཚོགས་ཁང་གོ་སྒྲིག་གནང་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ནས། ༧གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་ཨ་རི་ནས་སུད་སིར་ཆིབས་སྒྱུར་དང་འབྲེལ་མཛད་འཆར་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་གསལ་བསྒྲགས་ནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག ཕྱི་ལོ ༢༠༢༤ ཟླ ༨ ཚེས ༢༣ ཉིན་ཨ་རི་ནས་སུད་སིར་ཆིབས་བསྒྱུར་གནང་གཏན་འཁེལ་བ་བཞིན། སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་མི་མང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན།  ཕྱི་ཚེས ༢༥ ཞོགས་པ་ཆུ་ཚོད། ༩:༠༠ ནས་ ༡༠:༠༠ བར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་བསྡུས་པའི་བཤད་ལུང་དང་སྦྲགས། མ་ཎིའི་ལུང་གནང་རྒྱུ་དང་། སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་མི་མང་གིས་༸གོང་ས་མཆོག་ལ་བརྟན་བཞུགས་ཞིག་བསྟར་འབུལ་ཞུ་རྒྱུ་ཡིན་པ་བཅས་ཀྱི་མཛད་འཆར་ཡོད་པ། ཕྱི་ཟླ ༨ ཚེས་ ༡༤ ཉིན་སུད་སི་དོན་གཅོད་དང་། སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་སྤེལ་གནང་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་ཕྱི་ཟླ་༦་ཚེས་ ༢༡ ནས་ཨ་རིར་ཞབས་པུས་སྨན་བཅོས་ཆེད་ཆིབས་བསྒྱུར་གནང་སྟེ། ཞབས་པུས་སྨན་བཅོས་ལེགས་གྲུབ་རྗེས་མུ་མཐུད་ཨ་རིའི་ནིའུ་ཡོག་མངའ་སྡེའི་བྱང་ཕྱོགས་སུ་སྐུ་ངལ་གསོས་ཏེ་བཞུགས་ཡོད་པ་རེད་ལ། ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༥ ཉིན་ཨ་རིའི་ནིའུ་ཡོག་མངའ་སྡེའི་བྱང་ཕྱོགས་ནས་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲྭ་རྒྱ་སོགས་བརྒྱུད་གནས་ཚུལ་སྤེལ་བ་ལྟར་ན། ནིའུ་ཡོག་གི་དམིགས་བསལ་གཤགས་བཅོས་སྨན་ཁང་ (Hospital for Special Surgery) གི་དར་མའི་ལུས་པོ་བསྐྱར་བཟོ་དང་རུས་ཚིགས་གཤགས་བཅོས་ཚན་པའི་འགན་འཛིན་སྨན་པ་ཌེཝིཌ་མེ་མེན་ལགས་ (Dr. David Mayman) གཟའ་མཇུག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་་སྐུ་མདུན་དུ་བཅར་ཏེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་ལ་བརྟག་དཔྱད་ཞུས་པ་དང་། ཞབས་འགུལ་སྐྱོད་གནང་སྟངས་ལ་ཞིབ་འཇུག་གནང་རྗེས། སྨན་པ་ཁོང་གིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་གཟུགས་དྭངས་སྐྱེད་ཡག་པོ་ཡོང་བཞིན་འདུག་ལ། ཞབས་པུས་འགུལ་སྐྱོད་སླར་གསོའི་སྦྱོང་བརྡར་ལ་འབད་བརྩོན་ཆེན་པོ་གནང་བཞིན་ཡོད་པ་ལྟར། ཡར་རྒྱས་ཆེན་པོ་ཡོང་བཞིན་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད།

དེ་བཞིན་ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༢༢ ཉིན་གྱི་སྔ་དྲོ་ཕྱག་ཚོད་དགུ་པ་ནས་བཅུ་པ་བར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རིའི་ནིའུ་ཡོག་གི་ (UBS Arena) ཞེས་པའི་ལུས་རྩལ་ཚོགས་ཁང་དུ། བྱང་ཨ་རིའི་བོད་མི་ཡོངས་དང་། སོག་པོ། ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་མི་མང་། ཕྱི་རྒྱལ་བ་བཅས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་བཞུགས་གདན་འཇགས་རིང་མཚོན་དོན་བརྟན་བཞུགས་འབུལ་འཐུས་ཆོག་པ་དང་། མང་ཚོགས་ལ་ཞལ་མཇལ་གསུང་ཐོས་ཀྱི་མཛད་འཆར་ཡོད་པ་རེད།

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ། ཚེ་དབང་དངོས་གྲུབ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎