༧གོང་ས་མཆོག་ནས་ས་གནས་འགོ་འཛིན་རྣམས་ལ་མཇལ་ཁ་དང་བཀའ་སློབ་བསྩལ་བ།

༧གོང་ས་མཆོག་ནས་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་༡༢པའི་ཐོག་ཕེབས་པའི་ས་གནས་འགོ་འཛིན་རྣམས་ལ་མཇལ་ཁ་དང་བཀའ་སློབ།

༢༠༡༨།༦།༢༢།༧གོང་ས་མཆོག་ནས་ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ཚོགས་ཆེན་ཐེངས་༡༢པའི་ཐོག་ཕེབས་པའི་གཞིས་འགོ་བདེ་དོན་རྣམས་ལ་མཇལ་ཁ་དང་བཀའ་སློབ། དགའ་ལྡན་ཕོ་བྲང༌།

༄༅། །བཞུགས་སྒར་རྡ་རམ་ས་ལར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་༡༢པའིཐོག་ཕེབས་པའི་ས་གནས་འགོ་འཛིན་རྣམས་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་འདིའི་ཕྱི་ཚེས་༢༢ཉིན་བཞུགས་སྒར་ཕོ་བྲང་དུ་མཇལ་ཁ་དང་བཀའ་སློབ་བཀའ་བསྩལ་གནང་མཛད་འདུག

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་པ་ཚོར་ད་ཕན་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་མི་རིགས་རྩ་མེད་དུ་འགྲོ་རྒྱུ་དང་། བོད་ཀྱི་རིག་གཞུང་རིམ་པས་རྩ་བརླག་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པས། བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་བོད་པའི་ཆོས་དང་རིག་གཞུང་ལ་བདག་གཅེས་ངེས་པར་དུ་བྱ་རྒྱུ་གལ་ཆེ་བའི་སྐོར་བཀའ་གནང་ཡོད་པ་མ་ཟད།  བོད་པའི་གཞིས་ཆགས་དང་སློབ་གྲྭ་ཟུར་དུ་བཙུགས་དགོས་པའི་རྒྱུ་མཚན་ཡང་དེ་ཡིན་པའི་སྐོར་བཀའ་གནང་འདུག

༧གོང་ས་མཆོག་གིས་བོད་མི་རྣམས་བཙན་བྱོལ་དུ་འབྱོར་བའི་རྗེས་རྒྱ་གར་དུ་ནང་ཆོས་སློབ་གཉེར་གནང་སའི་གདན་ས་ཁག་གསར་འཛུགས་དང་། བོད་ཕྲུག་ཚོའི་ཆེད་སློབ་གྲྭ། དེ་བཞིན་མི་མང་ཆེད་བོད་པའི་གཞིས་ཆགས་གསར་འཛུགས་གནང་ནས་ད་བར་རྒྱུན་གནས་ཐུབ་པ་བྱུང་ཡོད་པའི་སྐོར་བཀའ་གནང་དང་འབྲེལ། བཙན་བྱོལ་བོད་མིའི་གཞིས་ཆགས་ནང་དུས་ཀྱི་འགྱུར་བ་དང་བསྟུན་ནས་འཕྲུལ་རིགས་ལ་བརྟེན་པའི་བཟོ་གྲྭ་ཆུང་ཆུང་དེ་འདྲ་བཙུགས་ནས་འཚོ་རྟེན་འཚོལ་ཐབས་བྱ་དགོས་རྒྱུའི་བཀའ་སློབ་ལམ་སྟོན་ཕེབས་འདུག།

གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org