ངོས་རང་རྒྱ་ནག་ཏུ་ཕྱིར་ལོག་རྒྱུ་མིན་པར་རྒྱ་གར་དུ་འདུག་འདུན་ཡོད་ཅེས། ༸གོང་ས་མཆོག་གིས་གསར་འགོད་པ་ཚོར་བཀའ་ལན་གནང་ཡོད་པ།
ལོ་རེ་འཆར་ཅན་ཕལ་ཆེ་བར་བོད་མིའི་དབུ་ཁྲིད་༸གོང་ས་མཆོག་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་གྱིས། དད་ལྡན་མི་མང་ཁྲི་ཚོ་མང་པོར་བཀའ་དབང་བཀའ་ཆོས་སོགས་སྩལ་སྲོལ་ཡོད་ནའང་། བར་ལམ་ནས་ཏོག་དབྱིབས་ནད་ཡམས་ཀྱི་དབང་གིས་ལོ་ཤས་རིང་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་གནང་ཐུབ་མེད་པར་བརྟེན། ད་ལམ་ནད་ཡམས་ཞི་ལྷོད་རྗེས་ཀྱི་༸གོང་ས་མཆོག་རྒྱ་གར་རྡོ་རྗེ་གདན་དུ་ཆིབས་བསྒྱུར་ཆེས་ཐོག་མ་དེ། སྤྱི་ཟླ་༡༢པའི་ཚེས་༡༩ཉིན་མགོ་འཛུགས་ཀྱིས་བཞུགས་སྒར་ནས་རྒྱ་གར་རྒྱལ་ས་ལྡི་ལི་རུ་ཆིབས་བསྒྱུར་སྐབས། བཞུགས་སྒར་ཉེ་མཁྲིས་གྷ་གྷལ་གནམ་ཐང་དུ་གསར་འགོད་པའི་དྲི་བར་བཀའ་ལན་ཕེབས་སྐབས་སུ། སྤྱི་ཡོངས་ཀྱི་ཆ་ནས་ཡུལ་གྲུ་གཞན་ཁག་དང་འདྲ་བར་རྒྱ་ནག་ཏུའང་ལྷོད་ཡངས་ཆེ་རུ་འགྲོ་བཞིན་པ་ཡིན་ནའང་། ངོས་རང་རྒྱ་ནག་ཏུ་ཕྱིར་ལོག་གི་འདུན་པ་མེད་པར་རྒྱ་གར་དུ་འདུག་འདོད་ཡོད་ཅེས་བཀའ་ལན་གནང་གི་འདུག
སྤྱི་ཡོངས་ཀྱི་ཆ་ནས་ཡོ་རོབ་དང་ཨ་ཧྥི་རི་ཀ། ཨེ་ཤེ་ཡ་བཅས་ཀྱི་ནང་ཡར་རྒྱས་འགྲོ་བཞིན་པ་དང་མཚུངས་སུ། ད་ལྟ་རྒྱ་ནག་ཀྱང་ལྷོད་ཡངས་ཆེ་རུ་འགྲོ་བཞིན་པ་རེད། འོན་ཀྱང་། རྒྱ་ནག་ལ་ཕྱིར་ལོག་བྱེད་དགོས་དོན་མེད་པར་ངོས་རང་རྒྱ་གར་དུ་འདུག་འདུན་ཡོད་པ་མ་ཟད། རྒྱ་གར་དེ་བསྡད་ས་ཡག་ཤོས་སུ་མཐོང་གི་ཡོད། ཀངྒ་ར་ས་གནས་འདི་པཎྡི་ཏ་ནེ་ཧེ་རུ་ལགས་ནས་ངོས་ཀྱི་གཏན་སྡོད་བཞུགས་སྒར་དུ་བདམས་པ་དེ་ཧ་ཅང་འགྲིག་པ་རེད་ཅེས་བཀའ་ལན་གནང་གི་འདུག གཞན་ཡང་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ནས། ༸གོང་ས་མཆོག་གིས་རྒྱལ་ས་ལྡི་ལི་རུ་སྤྱི་ཚེས་༢༠་དང་༢༡བཅས་སུ་བཞུགས་པའི་རིང་། སློབ་ཕྲུག་དང་མང་ཚོགས་ལ་བཀའ་སློབ་ལམ་སྟོན་གྱི་མཛད་འཆར་ཡོད་པ་དང་། སྤྱི་ཚེས་༢༢ནས་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་ཐོན་གནང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
བོད་མིའི་དབུ་ཁྲིད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ། སྤྱི་ཟླ་༡༢པའི་ཚེས་༢༩ནས་༣༡བར་རྒྱ་གར་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་དང་། སྒྲོལ་མ་ཉེར་གཅིག་གི་རྗེས་གནང་སོགས་གནང་གི་ཡོད་པ་མ་ཟད། སྤྱི་ལོ་༢༠༢༣ལོའི་ཟླ་༡ཚེས་༡ཉིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ། དགེ་ལུགས་སྤྱི་མགྲིན་གྱིས་བརྟན་བཞུགས་བསྟར་འབུལ་ཀྱང་གནང་གཏན་ཁེལ་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།