༧གོང་ས་མཆོག་གི་ཡོ་རོབ་ཀྱི་མཛད་འཕྲིན་སྐོར།
2011.08.22
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་བྱང་མའི་ཡུལ་གྲུ་ཕིན་ལེནདྲ་ནང་གི་ཉིན་གཉིས་རིང་གི་ཆིབས་བསྒྱུར་དེ་ལེགས་པར་གྲུབ་གནང་མཛད་ནས་ཇར་མ་ནིའི་ནང་ཆིབས་ཞལ་བསྒྱུར་གནང་ཡོད་པ་རེད་ རེས་གཟའ་སྤེན་པའི་ཉིན་༸གོང་ས་མཆོག་གིས་ཡུལ་དེའི་རྒྱལ་ས་ཧེལ་སིན་ཀི་ནང་མི་མང་༧༠༠༠བརྒལ་བར་བྱམས་སྙིང་རྗེའི་ནུས་སྟོབས་ཀྱི་བརྗོད་གཞིའི་ཐོག་བཀའ་སློབ་གསུང་བཤད་གནང་ཡོད་ཅིང་དེར་འདུས་མི་མང་རྣམས་ཀྱིས་༸གོང་ས་མཆོག་གི་བཀའ་སློབ་གསུང་བཤད་ལ་ཡིད་སྨོན་ཆེན་པོའི་ཐོག་གསན་འཇོག་གནང་བ་དང་མང་ཚོགས་ཀྱི་འདྲི་བ་ཁག་ཅིག་ལ་བཀའ་ལན་བློ་ཡིད་ཚིམས་པ་གནང་ཡོད་པ་རེད་ ཡང་བཀའ་སློབ་གསུང་བཤད་ཉན་པར་བཅར་མཁན་ཁོངས་གཞོན་སྐྱེས་མང་པོ་ཡོད་པར་ཁོང་རྣམ་པར་དམིགས་བསལ་གྱིས་དུས་རབས་ཉི་ཤུ་པ་དེ་དམག་འཁྲུག་གི་་དུས་རབས་ཅིག་བྱུང་ཡོད་པ་དང་དུས་རབས་ཉེར་གཅིག་པ་དེ་ཞི་བདེ་དང་གྲོས་མོལ་གྱི་དུས་རབས་ཤིག་བཟོ་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད་
ཡང་རེས་གཟའ་སྤེན་པའི་ཉིན་༸གོང་ས་མཆོག་གི་ཕིན་ལེནདྲ་ནང་གི་མཛད་འཆར་གཅིག་ནང་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་བྱོང་ཚིག་བརྒྱད་མའི་གསུང་ཆོས་གནང་ཡོད་པ་དང་སྐབས་དེར་ར་ཤི་ཡའི་ཀལ་མི་ཀི་ཡ་ནས་ཆེད་མངགས་ཆོས་ཞུར་བཅར་བའི་སོག་རིགས་མི་གྲངས་ ༢༥༠ སྐོར་ཞིག་ལ་དམིགས་བསལ་གྱི་མཇལ་ཁ་སྩལ་གནང་མཛད་ཡོད་པ་རེད་ སྐབས་དེར་ཁྱོན་ཡོངས་ཆོས་ཞུ་བ་མི་གྲངས་ ༣༥༠༠ བརྒལ་བ་བྱུང་ཡོད་པ་དང་གསུང་ཆོས་མ་གནང་གོང་ཐའེ་ལེནདྲ་དང་ལྦིཏ་ནམ་ དེ་བཞིན་ཕིན་ལེནདྲ་གྱི་དགེ་འདུན་པ་རྣམས་ཀྱིས་རང་རང་སོ་སོའི་གསུང་སྐད་ནང་སྨོན་ལམ་འུར་འདོན་གནང་ཡོད་པ་རེད་ ཡང་རེས་གཟའ་པ་སངས་ཉིན་༸གོང་ས་མཆོག་གིས་ཕིན་ལེནདྲ་ བོད་ཀྱི་རིག་གཞུང་ཚོགས་པ་དང་བོད་རིགས་དེ་བཞིན་ཡུལ་དེའི་ནང་ཡོད་པའི་བོད་དོན་རྒྱབ་བསྐྱོར་ཚོགས་པ་ཁག་གི་ཚོགས་མི་རྣམས་ལ་མཇལ་ཁ་དང་བཀའ་སློབ་གསུང་བཤད་སྩལ་གནང་མཛད་ཡོད་པ་རེད་ དེ་བཞིན་༸གོང་ས་མཆོག་གིས་ཕིན་ལེནདྲ་ནང་གི་མཛད་འཆར་ཁོངས་གསར་འགོད་ལྷན་ཚོགས་ཤིག་དང་ཡུལ་དེའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་མཇལ་མོལ་དེ་བཞིན་བོད་དོན་དང་འབྲེལ་བའི་ལྷན་ཚོགས་ཤིག་གི་ཐོག་བཀའ་སློབ་གསུང་བཤད་སྩལ་གནང་ནས་མཛད་འཆར་དུ་མ་ཞིག་བསྐྱངས་གནང་ཡོད་པ་རེད་