༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བལ་ཡུལ་གློ་སྨོན་ཐང་གི་སེར་སྐྱ་གྲངས་༢༤ལ་མཇལ་ཁ་དང་བཀའ་སློབ་བསྩལ་གནང་མཛད་ཡོད་པ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བལ་ཡུལ་གློ་སྨོན་ཐང་གི་སེར་སྐྱ་གྲངས་༢༤ལ་མཇལ་ཁ་གནང་སྟེ། སེམས་པ་བཟང་པོ་དང་མི་ཡག་པོ་ཞིག་བྱ་དགོས་པའི་བཀའ་སློབ་ལམ་སྟོན་གནང་འདུག
- 2022-11-12
-
-
-
Your browser doesn’t support HTML5 audio
བལ་པོ་རྒྱལ་ཁབ་ནང་གི་བོད་དང་ས་མཚམས་འདབས་འབྲེལ་གློ་སྨོན་ཐང་གི་སེར་སྐྱ་མི་མང་༢༤བཞུགས་སྒར་དུ་ཆེད་བཅར་གྱིས། སྤྱི་ཟླ་༡༡པའི་ཚེས་༡༢ཉིན་བཞུགས་སྒར་ཕོ་བྲང་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་པ་དང་ཆབས་ཅིག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་ཚོར་སེམས་པ་བཟང་པོ་དང་མི་ཡག་པོ་ཞིག་བྱ་དགོས་པ་སོགས་ཀྱི་བཀའ་སློབ་གནང་ཡོད་པ་མཇལ་ཁ་ཞུ་མཁན་གྱི་ཁོང་ཚོའི་སྣེ་ཁྲིད་པ་དགེ་སློང་ལེགས་བཤད་བསྟན་དར་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཁོང་གིས་བལ་ཡུལ་ནང་གི་གློ་སྨོན་ཐང་ས་གནས་ནི་ཆོས་དང་། རིག་གཞུང་། སྐད་ཡིག་དང་། མི་རིགས་ཀྱི་ངོ་བོ་བཅས་བོད་དང་གཅིག་པ་གཅིག་རྐྱང་ཡིན་ནའང་། ས་གནས་སུ་གཞོན་སྐྱེས་མང་པོ་ཞིག་ཕྱི་རྒྱལ་དུ་བསྐྱོད་བཞིན་པ་ཡིན་སྟབས། མ་འོངས་པར་བོད་ཀྱི་རིག་གཞུང་ཉམས་ཆག་གི་ཉེན་ཁ་མཐོང་གི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་མཇལ་ཁ་ཞུ་མཁན་བསོད་ནམས་དབང་མོ་ལགས་ཀྱིས་ཐེངས་དང་པོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཏེ། སོ་སོ་ཧ་ཅང་བསོད་ནམས་ཆེན་པོ་ཚོར་ནས་དགའ་ཚོར་ཚད་མེད་བྱུང་བ་འགྲེལ་བརྗོད་གནང་གི་འདུག
མཇལ་བཅར་པ་དབང་རྒྱལ་ལགས་ནས་དུས་ཡུན་རིང་པོར་༧གོང་ས་མཆོག་ལ་མཇལ་འདུན་ཆེན་པོ་ཡོད་པར་བརྟེན། ད་ལན་ཧ་ཅང་གོ་སྐབས་ཡག་པོ་རག་པ་དང་ད་ནི་༧རྒྱལ་བའི་བཀའ་སློབ་ཡག་པོ་བསྒྲུབ་ནས་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་འབད་བརྩོན་བྱ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་གི་འདུག
བལ་པོ་རྒྱལ་ཁབ་ཀྱི་ནང་བོད་དང་འདབས་འབྲེལ་ས་གནས་ཡོལ་མོ་དང་ཙུམ། ཝ་ལུང་། དོལ་པོ་དང་། གླེ་མི། ཤར་ཁུམ་བུ་དང་། གློ་སྨོན་ཐང་སོགས་བོད་དང་ཆོས་དང་རིག་གཞུང་སྐད་ཡིག་གོམས་གཤིས་དང་མི་རིགས་ཀྱི་ངོ་བོ་བཅས་གཅིག་མཚུངས་ཡིན་པ་མ་ཟད། དམིགས་བསལ་གློ་སྨོན་ཐང་ནི་སྤྱི་ལོ་༡༩༦༠ནང་བོད་མི་ཚོས་བཙན་རྒོལ་རྒྱལ་སྐྱོབ་གནང་ཆེད། གློ་དམག་སྒར་ཆེད་འཛུགས་གནང་ཡུལ་གྱི་ས་གནད་ལྟེ་བ་དེ་ཡང་ཆགས་ཡོད་པ་རེད།།
གསར་འགོད་པ་བློ་བྷེ།
རྩོམ་སྒྲིག་པ་ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན་རྟ་མགྲིན་དབང་ཕྱུག