༸གོང་ས་མཆོག་གིས། འགྲོ་བ་མིའི་བདེ་རྩར་ཕན་པའི་བོད་ཀྱི་ནང་ཆོས་མི་ཉམས་རྒྱུན་འཛིན་དགོས་གལ་ཆེ་ཞེས་བཀའ་སྩལ་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དགེ་བཤེས་རྣམ་པ། ༢༠༢༢།༡༡།༠༥ ཉིན།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དགེ་བཤེས་རྣམ་པ། ༢༠༢༢།༡༡།༠༥ ཉིན། (OHHDL)

0:00 / 0:00

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། འདི་ཚེས་ ༥ ཉིན་གྱི་སྔ་དྲོ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཆོས་ཐོག་འགྲིམ་བཞིན་པའི་དགེ་བཤེས་ལྷ་རམས་པ་དང་སྔགས་རམས་པ་བཅས་དགེ་འདུན་ཞལ་གྲངས་༥༧ལ་མཇལ་ཁ་དང་ཕྱག་ཚོད་ཕྱེད་ཀ་ཙམ་གྱི་རིང་བཀའ་སློབ་སྩལ་བའི་ནང་། དགེ་བཤེས་ཚོས་ད་བར་ནང་པའི་གཞུང་ལུགས་ལ་སློབ་གཉེར་ཧུར་ཐག་གནང་བར་ཐུགས་དགྱེས་ཚོར་ཆེན་པོའི་ངང་བསྔགས་བརྗོད་གནང་བ་དང་སྦྲགས། དེང་གི་ཚན་རིག་པའི་ཁྲོད་ནང་སེམས་ཞི་བདེ་དང་འབྲེལ་བ་ཡོད་པའི་བོད་ཀྱི་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དེ་ནི་ང་ཚོར་གོ་སྐབས་གསར་པ་ཞིག་ཡིན་པས། དགེ་བཤེས་ཚོས་མུ་མཐུད་ནས་འགྲོ་བ་མིའི་བདེ་རྩར་ཕན་པའི་རིག་པའི་གཞུང་ལུགས་དེར་སློབ་གཉེར་བྱས་ཏེ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གནང་རྒྱུའི་གལ་གནད་སྐོར་བཀའ་གནང་འདུག

ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་བཀའ་སློབ་སྩལ་བའི་ནང་། ད་ལྟའི་དུས་ལ་ང་ཚོ་བཙན་བྱོལ་བ་ཞིག་ཡིན་ནའང་། ནང་ཆོས་དང་འབྲེལ་བའི་སེམས་ཁམས་རིག་པའི་སྐོར་གཏིང་ཟབ་གོ་རྟོགས་ཡོད་མཁན་ནི་བོད་མི་ཆགས་བསྡད་ཡོད། ད་སྐབས་བོད་ཀྱི་ནང་ཆོས་ཀྱིས་འཛམ་གླིང་སྤྱི་ལ་ཕན་པའི་ཞབས་འདེགས་འགྲུབ་བཞིན་པ་དེ་ཡང་སྔར་གྱི་ཆོས་རྒྱལ་ཚོས་བཀའ་དྲིན་ཡིན་པ་གསུངས་ཤིང་། ལྷག་ཏུ་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་རིག་གཞུང་བཟང་པོ་དེ་དག་ལ་སློབ་གཉེར་བྱེད་རྒྱུའི་དམིགས་བསལ་གོ་སྐབས་ཡོད་པ་བཀའ་གནང་འདུག

ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ནང་ཆོས་དེ་དེང་སྐབས་ཚན་རིག་དང་འབྲེལ་ཡོང་གི་ཡོད་པས། དགེ་བཤེས་ཚོས་ཀྱང་། དེང་གི་ཚན་རིག་ལ་དོ་སྣང་དགོས་གལ་ཆེ་བ་བཀའ་སྩལ་འདུག་ཅིང་། ཚན་རིག་གིས་ཀླད་པ་དང་སེམས་གཉིས་གཅིག་མཚུངས་ལྟར་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་། ང་ཚོས་གཞུང་ནང་བཤད་པ་ཙམ་གྱི་མིན་པར། ལག་ལེན་གྱི་ཆ་ནས་ཧ་ལམ་རྒྱུས་ཡོད། དགེ་བཤེས་ཚོས་སྐབས་བབ་ཀྱི་འོས་འགན་ནི་ཐེག་པ་གོང་འོག་དང་། གྲུབ་མཐའ་སྨྲ་བ་བཞི། དེ་བཞིན་མདོ་དང་སྔགས་བཅས་ཀྱི་ཐོག་དོ་སྣང་དང་སློབ་སྦྱོང་བྱེད་དགོས་རྒྱུ་དེ་ཡིན་ཞེས་དང་། རྒྱ་ནག་གཞུང་གིས་དྲག་གནོན་ཇི་ལྟར་བྱས་ཀྱང་། བོད་ནང་གི་བོད་མིའི་ཚོས་ལྷག་བསམ་དང་སྙིང་སྟོབས་ལ་བརྟེན་ནས་ད་བར་བོད་ཀྱི་རིག་གཞུང་དེ་དག་མུ་མཐུད་རྒྱུན་འཛིན་བྱེད་མུས་ཡིན་ཞེས་བཀའ་གནང་འདུག

_SA17080.JPG
(Tenzin Choejor)

མཇལ་ཁ་གྲུབ་མཚམས་སུ་སེར་བྱེས་དགེ་བཤེས་བློ་བཟང་བསོད་ནམས་ལགས་ཀྱིས། ༸གོང་ས་མཆོག་དངོས་སུ་མཇལ་རྒྱུ་བྱུང་བར་ཧ་ཅང་གི་ངོ་མཚར་ཆེ་ཞིང་། འབྱུང་འགྱུར་གང་ཐུབ་ཀྱིས་སངས་རྒྱས་ཀྱི་བསྟན་པ་ལ་ཞབས་འདེབས་ཞུ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་བྱུང་།

ཡང་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་སྔགས་རམས་པ་དོན་གྲུབ་འཕྲིན་ལས་ལགས་ཀྱིས། ད་རེས་རྒྱལ་བ་རིན་པོ་མཆོག་གི་གསེར་ཞལ་དངོས་སུ་མཇལ་རྒྱུ་བྱུང་བ་ནི་ཧ་ཅང་གི་བསྐལ་བ་བཟང་ཞིང་། ༸གོང་ས་མཆོག་གིས་རྒྱུན་དུ་བཀའ་གནང་བ་བཞིན་བྱང་ཆུབ་ཀྱི་སེམས་དང་སྒྲུབ་པ་ཉམས་ལེན་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།

ད་རེས་དམིགས་བསལ་མཇལ་ཁའི་སྐབས་། རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་གདན་ས་སེར་འབྲས་དགའ་གསུམ་དང་གདན་ས་བཀྲིས་ལྷུན་པོའི་དགེ་བཤེས་རྣམ་པ་དང་། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་སྔགས་རམས་པ་རྣམ་པ་བཅས་ཁྱོན་དགེ་འདུན་ཞལ་གྲངས་༥༧ཡོད་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།