སྲིད་སྐྱོང་ནས་རྒྱ་ནག་གཞུང་གིས་དུས་རབས་དང་མ་མཐུན་པའི་སྲིད་བྱུས་བཟུང་སྟེ་མང་ཚོགས་ལ་དཀའ་ངལ་སྤྲོད་བཞིན་པར་བློ་འཚབ་ཡོད་པ་འགྲེལ་བརྗོད་གནང་བྱུང་།

2022.12.02
སྲིད་སྐྱོང་ནས་རྒྱ་ནག་གཞུང་གིས་དུས་རབས་དང་མ་མཐུན་པའི་སྲིད་བྱུས་བཟུང་སྟེ་མང་ཚོགས་ལ་དཀའ་ངལ་སྤྲོད་བཞིན་པར་བློ་འཚབ་ཡོད་པ་འགྲེལ་བརྗོད་གནང་བྱུང་། ༸གོང་ས་མཆོག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་མཇལ་ཁ་སྩལ་བའི་སྐབས། ༢༠༢༢།༡༢།༠༢ ཉིན།
OHHDL

ཕྱི་ལོ་ ༢༠༢༢ ཟླ་བ་ ༡༢ ཚེས་ ༢ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་དམིགས་བསལ་མཇལ་ཁ་སྩལ་བའི་སྐབས། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། འཛིན་སྐྱོང་གི་ལས་དོན་གལ་ཆེ་ཁག་དང་། ལྷག་ཏུ་ཆབ་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་མགོན་པོ་གང་ཉིད་མཆོག་ལ་སྙན་སྒྲོན་ཕུལ་ཏེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དགྱེར་ཚོར་ཆེན་པོས་བསྔགས་བརྗོད་གནང་འདུག

རྒྱུན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བཀའ་ཤག་གི་ལས་དོན་གནང་ཕྱོགས། དེ་བཞིན་ཆབ་སྲིད་དང་འབྲེལ་བའི་གནད་དོན་གལ་ཆེ་ཁག་ཡིག་ཐོག་ནས་སྐབས་དང་དུས་སོ་སོར་སྙན་སྒྲོན་ཕུལ་སྲོལ་ཡོད་པ་དང་་། ཡང་ཟླ་བ་འགའ་ཤས་མཚམས་སུ་སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་ལ་དངོས་སུ་མཇལ་ཁ་ཞུས་སྲོལ་ཡོད་པ་བཞིན་ད་རེས་མཇལ་ཁར་བཅར་བ་ཞིག་ཡིན་འདུག

_DSC6058.JPG

མཇལ་ཁ་གྲུབ་མཚམས་སུ་སྲིད་སྐྱིང་སྤེན་པ་ཚེ་རིང་མཆོག་གིས་གསར་འགོད་པ་ཚོར། རྒྱ་ནག་རྒྱལ་ཡོངས་སུ་མི་མང་གི་གཞི་རྒྱ་ཆེ་བའི་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་དང་འབྲེལ་བའི་སྐོར་ལན་འདེབས་གནང་བའི་ནང་། རྒྱ་ནག་གཞུང་གིས་དུས་རབས་དང་མ་མཐུན་པའི་སྲིད་བྱུས་འཛིན་ཏེ་མང་ཚོགས་ལ་དཀའ་ངལ་སྤྲད་བཞིན་པར་བློ་འཚབ་ཡོད་པ་འགྲེལ་བརྗོད་གནང་གི་འདུག 

ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཞི་ཅིང་ཕིན་གྱིས་སྣེ་ཁྲིད་པའི་མི་གཅིག་དབང་བསྒྱུར་གྱི་སྲིད་གཞུང་གིས། བོད་ཚུད་པའི་གྲངས་ཉུང་མི་རིགས་ཁག་དང་རྒྱ་ནག་མི་མང་གི་མངོན་འདོད་གཙོ་བཟུང་བྱས་པའི་སྒོ་ནས་སྲིད་བྱུས་སྤེལ་དགོས་པ་ལས་རྒྱ་ནག་དམར་ཤོག་རྒྱུན་གནས་ཡོང་ཐབས་རྐྱང་རྐྱང་ཐོག་ལ་སྲིད་བྱུས་འཛིན་པ་ཡིན་ན། མ་འོངས་པར་རི་ལུག་པ་ཐག་པས་མི་སྡོམ་ཞེས་པའི་དཔེ་ལྟ་བུ་འགྱུར་པའི་ཉེན་ཁ་ཡོད་པ་གསུང་གི་འདུག 

ཐེངས་འདིར་རྒྱ་ནག་ནང་མི་མང་གིས་ངོ་རྒོལ་བྱུང་རྐྱེན་གཙོ་བོ་ཞིག་ནི་ཕྱི་ཟླ་༡༡་ཚེས༢༤ཉིན། ཤིན་ཅང་ཡུ་གུར་གྱི་རྒྱལ་ས་ཨུ་རུམ་ཆི་Urumqiཡི་ཁུལ་དུ་ཏོག་དབྱིབས་ནད་དུག་འགོས་ཁྱབ་ལ་ཁ་གཡར་ཏེ་སྒོ་ལྕགས་བརྒྱབ་པའི་ཁང་བརྩེགས་་སྡོད་ཁང་ཞིག་ལ་མེ་ཤོར་ཏེ་མི་གྲངས་༡༠འདས་གྲོངས་སུ་ཕྱིན་པའི་རྗེས། རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་ནས་མི་མང་གིས་ཡུ་གུར་གྱི་མེ་སྐྱོན་ཁྲོད་འདས་གྲོངས་སུ་ཕྱིན་པ་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་འདུ་འཛོམས་བྱས་ཏེ། རིམ་པས་རྒྱ་ནག་གི་པེ་ཅིན་གྲོང་ཁྱེར་གཙོས། གྲོང་ཁྱེར་ཆེ་ཁག་དང་རྒྱ་ནག་གི་གཙུག་ལག་སློབ་གྲྭ་ཆེ་ཁག་ནང་དུ་རྒྱ་ནག་གཞུང་གི་རིམས་ནད་དམ་དྲགས་སྲིད་བྱུས་དང་། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་མར་འབབ་དགོས་པའི་ངོ་རྒོལ་སོགས་བྱེད་མུས་ཡིན་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎